བཀྲིས་གཡང་རྩེ་ མཆོད་རྟེན་སྐོར་ར།

རང་བཞིན་གྱི་ཙུ་ནེ་གིས་ ཡོངས་གྲགས་ཅན་གྱི་ མཆོད་རྟེན་སྐོར་ར་ སྐུ་དཀར་གསོལ་ནི།

༉ བཀྲིས་གཡང་རྩེའི་ མཆོད་རྟེན་སྐོར་ར་གུ་ སྐུ་དཀར་གསོལ་ནིའི་དོན་ལུ་ འཐུས་མི་༧ འབད་མི་ སྡེ་ཚན་ཅིག་གིས་ རང་བཞིན་གྱི་ ཙུ་ནེ་བཟོ་ནིའི་ལཱ་ཚུ་ འབད་བའི་བསྒང་འདུག།
དེ་ཡང་ རང་བཞིན་གྱི་ ཙུ་ནེ་རྡོ་བཏོན་ཏེ་ སྐུ་དཀར་གསོལ་ནི་དེ་ ལམ་སྲོལ་ཅིག་ཨིནམ་མ་ཚད་ མཆོད་རྟེན་དེ་ དུས་རྒྱུན་དུ་ དཀརཔོ་སྦེ་བཞག་ཐབས་དང་ ལྷག་པར་དུ་ རང་བཞིན་གྱི་ཙུ་ནེ་བཟོ་སྟེ་ སྐུ་དཀར་གསོལ་མི་དེ་ ཕ་བརྒྱུད་བུ་བརྒྱུད་སྦེ་ བཞག་ཐབས་ལུ་ དམིགས་ཏེ་ཨིན་པས།
སྡེ་ཚན་གྱི་འགོ་འདྲེན་པ་ མ་ཎི་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་ མཆོད་རྟེན་བསྐོར་ར་དེ་ རིགས་གསུམ་དགོན་པའི་བླམ་དང་གྲྭ་པ་ དེ་ལས་ སྒོམ་ཆེན་ཚུ་གིས་ བདག་འཛིན་འཐབ་པའི་སྐབས་ རང་བཞིན་གྱི་ཙུ་ནེ་རྡོ་ཚུ་འཐུ་སྟེ་ སྐུ་དཀར་གསོལ་སྡོད་ནུག་ཟེར་ཨིནམ་ད་ བར་སྐབས་ཅིག་ལས་ ལམ་སྲོལ་ཉམས་ཏེ་ རྒྱ་གར་ལས་ཐོན་མི་ ཙུ་ནེ་ལག་ལེན་འཐབ་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱ་གར་ལས་ཐོན་མི་ ཙུ་ནེ་གིས་ ག་དེམ་ཅིག་ སྐུ་དཀར་གསོལ་རུང་ ཆརཔ་རྐྱབ་ཅིག་ འཕྱགས་བདའ་དོ་ཡོདཔ་མ་ཚད་ མཆོད་རྟེན་གུ་ རྩྭ་སྐྱེས་མི་དང་ ཧོང་ཀ་ཐོན་མི་གནད་དོན་ཚུ་ ག་ཅི་ཨིན་ན་ཟེར་ རྒས་ཤོས་ཚུ་ལུ་ དྲི་དཔྱད་འབད་བའི་སྐབས་ རྒས་ཤོས་ཚུ་གིས་ ཧེ་མ་ རང་བཞིན་གྱི་ཙུ་ནེ་རྡོ་ཚུ་ ལག་ལེན་མ་འཐབ་པའི་རྟགས་ཨིན་ཟེར་ སླབ་དེ་ཟེར་ཨིན་པས།
དེ་ལས་ཚུར་ རྫོང་ཁག་དང་ གྲོས་བསྟུན་འབད་ཐོག་ལས་ ཧེ་མའི་ ལམ་སྲོལ་བདག་འཛིན་དང་ ཚོགས་བསགས་སྒྲིབ་སྦྱང་ལུ་དམིགས་ཏེ་ དུས་ཅི་ལས་ རང་བཞིན་གྱི་ཙུ་ནེ་ལག་ལེན་འཐབ་སྟེ་ སྐུ་དཀར་སྲོལ་ནིའི་ལཱ་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
མ་ཎི་རྡོ་རྗེ་དང་འཁྲིལ་བ་ཅིན་ རང་བཞིན་གྱི་ ཙུ་ནེ་བཟོ་ནིའི་དོན་ལུ་ རྡོ་ཡང་ ཉིན་ལམ་༡ གི་ས་ཁ་ལས་ ལེན་དགོཔ་ལས་ གདོང་ལེན་འདུག་ཟེར་ཨིནམ་ད་ ལཱ་གི་གནས་སྟངས་དང་ རྒྱ་གར་ལས་ ཙུ་ནེ་འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་ནི་དེ་གིས་ རང་བཞིན་གྱི་ ཙུ་ནེ་གིས་ སྐུ་དཀར་སྲོལ་ནི་བཤོལ་བཞག་མི་ གནད་དོན་དེ་འོང་ནི་མས་ ཟེར་ཨིན་པས།

མཆོད་རྟེན་སྐུ་དཀར་གསོལ་ནིའི་དོན་ལུ་ རང་བཞིན་གྱི་ཙུ་ནེ་རྡོ་ཚུ་ མེ་བཏང་པའི་བསྒང་།

ད་ལྟོ་ འབུམ་སྡེ་གླིང་གི་ མི་སེར་ཚུ་གིས་ རང་བཞིན་གྱི་ཙུ་ནེ་བཟོ་ཐངས་དང་ ཙུ་ནེ་བཟོ་མ་ཤེས་མི་དེ་ ཧེ་མ་ རིགས་གསུམ་དགོན་པའི་ སྒོམ་ཆེན་ཚུ་གིས་ ལག་ལེན་འཐབ་ནི་དེ་གིས་ ཨིན་མས་ཟེར་ ས་གནས་ཀྱི་ཚུ་གིས་ བཤད་པའི་ཁར་ ད་རེས་ སྡེ་ཚན་ཅིག་གིས་ སྒོམ་ཆེན་རྒས་ཤོས་ཚུ་ལུ་ གྲོས་བསྟུན་འབད་དེ་ རང་བཞིན་གྱི་ཙུ་ནེ་ བཟོ་བའི་བསྒང་ཡོད་ཟེར་ཨིན་པས།
སྐྱེས་ལོ་༦༧ ལང་མི་ སྒོམ་ཆེན་མགོན་པོ་ལ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རིགས་གསུམ་དགོན་སྡེའི་མངའ་འོག་ལུ་ འབུམ་སྡེ་གླིང་དང་ གཡང་རྩེ་རྒེད་འོག་ལས་ གུང་པ་༦༧ ཡོད་ཟེར་ཨིནམ་ད་ མཆོད་རྟེན་ཡང་ ཁོང་གིས་ བདག་འཛིན་འཐབ་སྟེ་ རང་བཞིན་གྱི་ཙུ་ནེ་གིས་ སྐུ་དཀར་གསོལ་འོང་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མཆོད་རྟེན་སྐུ་དཀར་སྲོལ་ནིའི་དོན་ལུ་ རང་ཟླ་༡༡ པའི་གནམ་གང་ལུ་ མགོན་པའི་གཏོར་རྒྱབ་བཏང་བའི་ཤུལ་ལས་ རང་ཟླ་༡༢ པའི་ཚེས་༡ ལུ་ རིགས་གསུམ་དགོན་པའི་ སྒོམ་ཆེན་རྒས་ཤོས་ཅིག་གིས་ ཙུ་ནེ་རྡོ་འཚོལ་བར་ སྒོམ་ཆེན་༡༥ དང་༢༠ འཁྱིད་དེ་ འབུམ་སྡེ་གླིང་ལས་ ཉིན་ལམ་༡ གི་ས་ཁར་ ཡོངས་གྲགས་ལུ་ སྒོམ་ཆེན་ཕུག་ཟེར་སར་ འགྱོ་ནི་ཡོད་ཟེར་ཨིན་པས།
རྡོ་ཡང་ ས་གནས་གཅིག་ལས་ སྤོག་འབག་ནི་མེན་པར་ ཆུའི་མཐའམ་བདའ་སྟེ་ འཚོལ་ཞིབ་འབད་དགོ་ཟེར་ མགོན་པོ་ལ་གིས་ བཤད་པའི་ཁར་ རྡོ་ཧམ་པ་མ་འདྲཝ་༣ ཡོད་ཟེར་ཨིནམ་ད་ རྡོ་ཨིན་ན་མེན་ན་དེ་ བྱའི་ཨ་བ་བཟུམ་ དྲིམ་མནམ་ནི་ཡོདཔ་ལས་ དེ་གིས་ ཤེས་ཚུགས་ཟེར་ཨིན་པས།
སྒོམ་ཆེན་རྒས་ཤོས་ཚུ་དང་འཁྲིལ་བ་ཅིན་ ཙུ་ནེ་རྡོ་ཡང་ མེ་ལོང་ཡོད་མི་ཅིག་དང་ མའི་ད་ཕྱེ་བཟུམ་ དེ་ལས་ རྡོ་དཀར་ནག་སྦེ་ཡོད་ཟེར་ཨིནམ་ད་ ཧེ་མ་ སྒོམ་ཆེན་རེ་གིས་ ཙུ་ནེ་རྡོ་ཆུང་ཀུ་བཟོ་སྟེ་ ཀེ་ཇི་༡༥ རེ་གི་རྩིས་ འབག་འོང་དགོ་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ མཆོད་རྟེན་གྱི་མཐའ་མར་ རྡོ་དཀར་ཚུ་ ཞག་༣ མེ་བཏང་དགོ་ཟེར་ཨིནམ་ད་ བུམ་པ་བཟུམ་མའི་ཐབ་ནང་ལས་ ཙུ་ནེ་རྡོ་ཚུ་ དབྱེ་བ་མ་འདྲཝ་༣ བཟོ་སྟེ་ སྐུ་དཀར་གསོལ་དགོ་ཟེར་ཨིན་པས།
མགོན་པོ་ལ་གིས་ སླབ་མིའི་ནང་ རྡོ་མེ་གཏང་ནི་དང་ སྐུ་དཀར་གསོལ་ནིའི་དོན་ལུ་ ཟླཝ་༤ འགོར་འོང་ཟེར་ཨིནམ་ད་ སྐུ་དཀར་གསོལ་རུང་ སྦ་གིས་བཟོ་ཡོད་མི་ ཕག་ཟེ་གིས་ ཀྲེག་ཞིནམ་ལས་ ཙུ་ནེ་རྡོ་སྤུས་ཚད་ལེགས་ཤོམ་ཡོད་མི་ དཀརཔོ་དེ་གིས་ དཀར་ར་གཏང་འོང་ཟེར་ཨིན་པས།
ད་རེས་ནངས་པར་ རྒྱ་གར་ལས་ཐོན་མི་ ཙུ་ནེ་བཏང་རུང་ དུས་ཨ་རྟག་ར་ དཀརཔོ་སྦེ་མ་སྡོད་མི་དེ་ རང་བཞིན་གྱི་ཙུ་ནེ་མ་བཏང་པའི་རྟགས་ཨིནམ་མ་ཚད་ ཧེ་མ་ལས་ བཏང་མི་ཚུ་ཡང་ ཡལ་འགྱོ་ནི་དེ་གིས་ཨིནམ་ད་ རང་བཞིན་གྱི་ཙུ་ནེ་ལུ་ རྫས་སྦྱོར་ག་ནི་ཡང་ བླུགས་ནི་མེདཔ་ལས་ རང་བཞིན་གྱི་ ཙུ་ནེ་དེ་ར་ དྲག་ཟེར་ཨིན་པས།
མགོན་པོ་ལ་དང་འཁྲིལ་བ་ཅིན་ རིགས་གསུམ་མགོན་སྡེ་ལས་ ཙུ་ནེ་རྡོ་འཚོལ་བར་འགྱོ་མི་ ག་ཡང་མེད་པའི་ཁར་ རྒྱ་གར་ལས་ འཇམ་ཏོང་ཏེ་སྦེ་ ཙུ་ནེ་འཐོབ་ནི་དེ་གིས་ རང་བཞིན་གྱི་རྩུ་ནེ་ལག་ལེན་འཐབ་ནི་གཤོལ་བཞག་ནི་འགོ་བཙུགས་ཡི་ཟེར་ཨིནམ་ད་ རྩུ་ནེ་རྡོ་འཚོལ་འབག་འོང་ཞིནམ་ལས་ ལཱ་འབད་དགོཔ་ལེ་ཤ་ཡོདཔ་ལས་ དེ་ལུ་ཚེར་སྣང་བསྐྱེད་དེ་ ལམ་སྲོལ་ཉམས་སོ་ནུག་ཟེར་ཨིན་པས།
ད་རེས་ རང་བཞིན་གྱི་ ཙུ་ནེའི་དཀར་ར་ གཏང་ནིའི་ལམ་སྲོལ་བཤོལ་བཞག་སྟེ་ ལོ་ངོ་བཅུ་ཕྲག་༣ ལྷགཔ་ཅིག་ ཡར་སོ་ནུག་ཟེར་ཨིནམ་ད་ དེའི་སྐོར་ལས་ཤེས་མི་ སྒོམ་ཆེན་དག་པ་ཅིག་བརྒལ་མེད་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ རིགས་གསུམ་མགོན་པོའི་མངའ་འོག་ལུ་ གུང་པ་༦༧ དེ་ཅིག་ཡོད་ཟེར་ཨིནམ་ད་ ཤུལ་ལས་ རྫོང་ཁག་ནང་ བརྡབ་པའི་ཤུལ་ལུ་དང་ དགོན་པ་དེ་ གཞུང་གྲྭ་ཚང་ལུ ཕུལ་བའི་ཤུལ་ལུ་ ཧེ་མའི་ལམ་སྲོལ་དེ་ མེདཔ་འགྱོ་དོ་བཟུམ་ཚོར་ཡི་ཟེར་ ཨིན་པས།
ཧེ་མ་ བཀྲིས་གཡང་རྩེ་ལུ་ མཆོད་རྟེན་བསྐོར་ར་ བཞེངས་ཚར་བའི་ཤུལ་ལས་ སྐུ་དཀར་གསོལ་ནིའི་དོན་ལུ་ ས་གནས་འོ་མ་ལས་ ཀི་ལོ་མི་ཊར་དག་པ་ཅིག་གི་ས་གནས་ ཀ་ལ་སྒང་ཟེར་ས་ལས་ ཙུ་ནེ་རྡོ་འཚོལ་ཏེ་ སྐུ་དཀར་གསོལ་བའི་སྐབས་ མཆོད་རྟེན་ལུ་ ཆགས་མ་བཏུབ་པར་ ས་གནས་སྒོམ་ཆེན་ཕུག་ལས་འབག་མི་ ཙུ་ནེ་རྡོ་གིས་བཟོ་མི་དེ་གིས་ སྐུ་དཀར་གསོལཝ་ད་རྐྱངམ་གཅིག་ དཀརཔོ་སྦེ་ཆགས་བཏུབ་པའི་ལོ་རྒྱུས་ཚུ་ ཁ་རྒྱུན་སྦེ་ རྒན་ཤོས་ཚུ་གིས་ སླབ་ནི་འདུག།
མགོན་པོ་ལ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་གནས་ཀ་ལ་སྒང་ལས་འབག་མི་ ཙུ་ནེ་རྡོ་གིས་བཟོ་མི་ཙུ་ནེ་གིས་ སྐུ་དཀར་གསོལཝ་ད་ མཆོད་རྟེན་དཀརཔོ་མེན་པར་ གནགཔ་ཐལ་བའི་ལོ་རྒྱུས་དང་ ས་གནས་སྒོམ་ཆེན་ཕུག་ལས་ འབག་མི་ཙུ་ནེ་རྡོ་གིས་བཟོ་མི་ཙུ་ནེ་གིས་ སྐུ་དཀར་གསོལཝ་ད་ དཀརཔོ་སྦེ་གྱུར་ཡོད་པའི་ ལོ་རྒྱུས་ཚུ་ ཧེ་མ་ རྒན་ཤོས་ཚུ་གིས་ བཤད་སྲོལ་འདུག་ཟེར་ཨིནམ་ད་ དེ་ལས་ཚུར་ ལུང་བསྟན་ཡང་ རྡོ་དཀར་དེ་ལུ་ཡོད་པའི་ ཡིད་ཆེས་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་ལས་ཚུར་ མཆོད་རྟེན་གྱི་སྐུ་དཀར་གསོལ་བའི་སྐབས་ ས་གནས་སྒོམ་ཆེན་ཕུག་ལས་ར་འཚོལ་ཏེ་ སྐུ་དཀར་སྲོལ་ནུག་ཟེར་ཨིནམ་ད་ བཀྲིས་གཡང་རྩེ་ལུ་ཡོད་པའི་ རྫོང་གཞི་དང་མཆོད་རྟེན་ དེ་ལས་ ལྷ་ཁང་གཞན་ཁར་ཡང་ ཙུ་ནེ་དེ་ར་ ལག་ལེན་འཐབ་འོང་ཟེར་ཨིན་པས།
མཆོད་རྟེན་སྐོར་ར་ལུ་ སྐུ་དཀར་ལོ་༡ གསོལ་བ་ཅིན་ ཤུལ་མའི་ ལོ་དག་པ་ཅིག་ སྐུ་དཀར་མ་གསོལ་རུང་ ག་ཨིནམ་སྦེ་ར་སྡོད་ནི་ཡོད་ཟེར་ཁོ་གིས་ བཤད་པའི་ཁར་ རྒྱ་གར་ལས་ཐོན་མི་ཙུ་ནེ་ ད་རུང་ ལོ་༡༠ དེ་ཅིག་ ལག་ལེན་འཐབ་བ་ཅིན་ ད་ལྟོའི་མཆོད་རྟེན་དེ་ འདམ་དང་རྩིགཔ་གི་ ས་མཚམས་ཁར་ལྷོད་ཡོདཔ་ལས་ བཤིག་འགྱོ་ནིའི་ཉེན་ཁ་སྦོམ་ཡོད་ཟེར་ ཨིན་པས།
མ་ཎི་རྡོ་རྗེ་གིས་ སླབ་མིའི་ནང་ སྡེ་ཚན་དེ་གིས་ དུས་ཅི་ལས་ མོ་བཏབ་བཟུམ་སྦེ་ སྐུ་དཀར་གསོལ་ནི་ འགོ་བཙུགས་ཏེ་ ལོ་དག་པ་ཅིག་ སྡེ་ཚན་དེ་གིས་ར་ ཁས་བླངས་འབད་དེ་ཡོད་ཟེར་ཨིནམ་ད་ ཤུལ་ལས་ ག་ར་ལུ་ ཉམས་མྱོང་ཚུད་ཞིནམ་ལས་ སྦྱིན་བདག་འཐོན་མི་ཡོད་པ་ཅིན་ ཁོང་ལུ་སྤྲོད་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྦྱིན་བདག་འབད་མི་ ལེ་ཤ་ཐོན་རུང་ དུས་ཅི་ ཚོགས་བསགས་སྒྲིབ་སྦྱང་གི་དོན་ལས་ ག་ར་ལུ་ གོ་སྐབས་སྤྲོད་དེ་ཡོད་ཟེར་ ཨིན་པས།
ད་ལྟོ་ མོ་བཏབ་ཀྱི་དོན་ལུ་ མཆོད་རྟེན་ཆུང་ཀུ་གག་ལུ་ སྐུ་དཀར་གསོལ་ཞིནམ་ལས་ སྤུས་ཚད་ཡོད་པ་ཅིན་ མཆོད་རྟེན་བསྐོར་རའི་ གོ་བརྡ་སྤེལ་མི་དང་གཅིག་ཁར་ རང་བཞིན་གྱི་ཙུ་ནེ་གིས་ སྐུ་དཀར་གསོལ་འོང་ཟེར་ མ་ཎི་རྡོ་རྗེ་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *