རང་བཞིན་གནས་སྟངས་ཉམས་སྲུང་དོན་ལུ་ བ་ཡོ་གེསི་བཟོ་སྐྲུན་འབད་ནིའི་ གྲོགས་རམ།

༉ དགེ་ལེགས་ཕུག་ལུ་ གོང་ཚད་ཕབ་ཆག་འབད་མི་ མེ་རླུང་རྒྱ་ཛི་ འཐོབ་མ་ཚུགས་པའི་དཀའ་ངལ་དེ་ འཕྲོ་མཐུད་བྱུང་དོ་ཡོད་རུང་ ཨུམ་གླིང་དང་ རྟ་རས་ཐང་རྒེད་འོག་གཉིས་ཀྱིས་ དཀའ་ངལ་དེ་ལུ་ ཐབས་ཤེས་གསརཔ་ཅིག་ མཐོང་ཡོདཔ་ཨིན་པས།
དེ་ཡང་ དགེ་ལེགས་ཕུག་ལུ་ཡོད་མི་ མ་ནཱསི་རྒྱལ་ཡོངས་གླིང་ཁའི་ ཡིག་ཚང་གིས་ གྲོགས་རམ་ཐོག་ལས་ གླིང་ག།ཁའི་མཐའ་འཁོར་ལུ་ཡོད་མི་ ཁྱིམ་གུང་༡༠༠ དེ་ཅིག་ལུ་ བ་ཡོ་གེསི་བཟོ་ནིའི་འཕྲུལ་ཆས་ཀྱི་ གྲོགས་རམ་བྱིན་ཡོདཔ་ཨིན་པས།
བ་ཡོ་གེསི་དེ་ཡང་ རྒྱལ་ཡོངས་རང་བཞིན་གནས་སྟངས་ཉམས་སྲུང་མཐུན་ཚོགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ མ་ནཱསི་ལུ་ མ་འོངས་པའི་ནང་ སེམས་ཅན་སྟག་འཁྱམས་ས་ ཉམས་སྲུང་འབད་ཐབས་ལུ་ གླིང་ཁ་གིས་ སྤྱི་ལོ་༢༠༡༦ ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
གླིང་ཁའི་གླིང་འཛིན་གོངམ་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ བ་ཡོ་གཱེསི་དེ་གིས་ ས་གནས་ནང་སྡོད་མི་ཚུ་ལུ་རྐྱངམ་གཅིག་ ཕན་ཐོགས་ཏེ་ཡོདཔ་མ་ཚད་ མེ་རླུང་རྒྱ་ཛི་མ་ལང་པའི་ དུས་ཚོད་ནང་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཨིན་པས།
དེ་གིས་ རང་བཞིན་གནས་སྟངས་ཉམས་སྲུང་དང་ སྲུང་སྐྱོབ་འབད་ནིའི་ནང་ཡང་ ལྷན་ཐབས་འབད་དེ་ཡོད་ཟེར་ཨིནམ་ད་ ཐབ་ཤིང་དེ་ གྲོང་གསེབ་ཀྱི་དོན་ལུ་ རྒྱ་ཆེ་དྲགས་སྦེ་ ལག་ལེན་འཐབ་སྟེ་ཡོདཔ་ལས་ ལས་རིམ་དེ་གིས་ མར་ཕབ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཐབས་ལམ་དེ་གིས་ ནོར་ཚུ་ རྩྭ་ཁར་བཏང་མི་དང་ རི་དྭགས་སེམས་ཅན་དང་གཅིག་ཁར་ དཀའ་ངལ་ཡོད་མི་དེ་ཡང་ མར་ཕབ་འབད་ཚུགས་ཟེར་ཨིནམ་ད་ ཉིན་བསྟར་བཞིན་དུ་ བ་ཡོ་གེསི་གི་དོན་ལུ་ ནོར་གྱི་ཨ་བ་ཡང་ འཐོབ་ཚུགས་ཟེར་ཨིན་པས།
གླིང་ཁའི་ཡིག་ཚང་གིས་ རྟ་རས་ཐང་དང་ ཨུམ་གླིང་རྒེད་འོག་ དེ་ལས་ གཞལམ་སྒང་གི་ ཀྲོང་དང་འཕང་མཁར་ དེ་ལས་ ངང་ལམ་རྒེད་འོག་དང་ པདྨ་དགའ་ཚལ་གྱི་ ནོར་བུ་སྒང་རྒེད་འོག་ཚུ་ནང་ བཙུགས་ཏེ་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པའི་ནང་ལས་ བ་ཡོ་གེསི་༨༠ དེ་ཅིག་ བཙུགས་ཚར་ནི་ཨིནམ་ད་ གླིང་ཁ་གིས་ དེ་གི་དོན་ལུ་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ བྱིན་དོ་ཡོདཔ་ད་ ལས་མིའི་ཐད་ཁར་ གཡུས་མི་ཁོང་ར་གིས་ཐོན་ཏེ་ བཟོ་དོ་ཡོདཔ་ཨིན་པས།
རྫོང་ཁག་སྒོ་ནོར་ལས་ཁུངས་ཀྱིས་ འཕྲུལ་རིག་གི་རྒྱབ་སྐྱོར་འབད་དོ་ཡོདཔ་ད་ རྟ་རས་ཐང་རྒཔོ་ ན་ར་ཡན་ ནིའོ་པ་ནི་གིས་ སླབ་མིའི་ནང་ རྒེད་འོག་ནང་ བ་ཡོ་གེསི་འགོ་བཙུགས་པའི་ཤུལ་ལས་ ཐབ་ཤིང་སྤྱོད་མི་དེ་ ལེ་ཤ་གིས་ མར་བབས་སོང་སྟེ་ཡོད་ཟེར་ཨིནམ་ད་ ད་རེས་ ནོར་གྱི་དོན་ལུ་ ཆག་བཟོ་བའི་སྐབས་རྐྱངམ་གཅིག་ ཐབ་ཤིང་ལག་ལེན་འཐབ་ཨིན་ཟེར་ཨིན་པས།
ཨིན་རུང་ རྒཔོ་གིས་སླབ་མིའི་ནང་ གླིང་ཁ་ཡིག་ཚང་གིས་ བཟོ་སྐྲུན་གྱི་ཅ་ལ་ཚུ་ག་ར་ སྟོང་པར་བྱིན་ནི་ཨིན་པའི་ མནོ་བསམ་ཡོད་རུང་ ག་ར་བྱིན་མི་ཚུགསཔ་འོང་ཟེར་ ཨིན་པས།
ད་རེས་ཀྱི་གནས་སྟངས་ནང་ ཁྱིམ་གུང་མང་ཤོས་ལུ་ གཞུང་གིས་ གོང་ཚད་ཕབ་ཆག་འབད་མི་ མེ་རླུང་རྒྱ་ཛི་བཀྲམ་སྤེལ་འབད་དེ་ཡོདཔ་ལས་ མེ་རླུང་མ་ལང་པའི་དཀའ་ངལ་ཡོད་རུང་ བ་ཡོ་གེསི་ལག་ལེན་འཐབ་ནི་ལུ་ དང་འདོད་དེ་ཅིག་ མི་བསྐྱེད་པས་ཟེར་ཨིན་པས།
རྒེད་འོག་དེ་ནང་ བ་ཡོ་གེསི་༡༥ དེ་ཅིག་ཡོད་མི་ལས་༡༠ གླིང་ཁའི་ཡིག་ཚང་གིས་ གྲོགས་རམ་འབད་ཐོག་ལས་ བཟོ་ཡོདཔ་ད་ ཨུམ་གླིང་དང་ རྟ་རས་ཐང་རྒེད་འོག་དེ་ རྒྱལ་ཡོངས་མ་ནཱསི་གླིང་ཁ་ནང་ ཚུདཔ་ཨིན་པའི་གནས་ཚུལ།

About admin

Check Also

ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མི་དམངས་མཁོ་སྒྲུབ་ཞལ་འཛོམས་ ནངས་པར་མཇུག་བསྡུ་ནི།

༉ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་འཐུས་མི་རྒྱལ་ཁབ་༨ ནང་ མི་དམངས་མཁོ་སྒྲུབ་དང་འབྲེལ་བའི་ལམ་ལུགས་དང་ ཁྲིམས་འབྲེལ་གྱི་ལཱ་ཚུ་ ཡར་དྲག་སོང་སྟེ་ཡོད་རུང་ བསྟར་སྤྱོད་འབད་ནིའི་ནང་ གདོང་ལེན་འབྱུང་བཞིན་དུ་ཡོདཔ་ལས་ མི་དམངས་མཁོ་སྒྲུབ་ཞལ་འཛོམས་ཐེངས་༦ པ་དེ་ ཁྱད་རིག་མཁོ་སྒྲུབ་འབད་ནིའི་བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས། ཞལ་འཛོམས་དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་དང་ …

Leave a Reply

Your email address will not be published. Required fields are marked *