ཀོ་བིཌ་-༡༩ ལས་ སྔོན་འགོག་འབད་ཐབས་ལུ་ ཏམ་ཀུའི་ཐོན་སྐྱེད་ཚུ་ དུས་ཡུན་ཆུ་ཚོད་༢༤ གི་རིང་ སྒྲོམ་ཅིག་ནང་ བཙུགས་བཞགཔ་ཨིན་པས།

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག།
རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ ཐོན་སྐྱེད་ནང་འདྲེན་གྱི་ ཚད་ལྡན་ལག་ལེན་བྱ་སྒོ་ཅིག་ཡང་བཟོ་ནུག།
ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འཐབ་བཅུག་མི་དེ་ རང་དོན་སྤྱོད་ནི་དང་ མི་ཚུ་གིས་ ཁྲིམས་འགལ་ཐོག་ ས་མཚམས་བརྒལ་ འགྱོ་ནི་ལས་ སྔོན་འགོག་འབད་ཐབས་ལུ་ཨིནམ་ད་ ནང་འདྲེན་དེ་ཡང་ འོང་འབབ་དང་ ཅ་དམ་བཅའ་ཁྲིམས་དང་འཁྲིལ་ཨིནམ་ལས་ ནང་འདྲེན་འབད་མི་ཚུ་གིས་ ཁྲལ་བརྒྱ་ཆ་ལས་བརྒྱ་སྦེ་ སྤྲོད་དགོཔ་ཨིན་པས།
ཏམ་ཁུ་བཀག་འཛིན་བཅའ་ཁྲིམས་དང་འཁྲིལཝ་ད་ ཟླཝ་༡ ནང་ མི་ངོ་༡ གིས་ ཏམ་ཁུ་དུང་ཅུ་༨༠༠ དང་ བི་རི་དུང་ཅུ་༡,༢༠༠ དེ་ལས་ ཁའི་ནི་བཱ་བཱ་ག་རམ་༧༥༠ ནང་འདྲེན་འབད་ཆོག་ནི་ཨིན་རུང་ རང་སྤྱོད་མི་གིས་མ་གཏོགས་ གཞན་གྱི་ངོ་ཚབ་སྦེ་ ནང་འདྲེན་འབད་མི་ཆོག་ནི་ཨིན་པས།
སྤྱི་ཟླ་༣ པའི་ནང་ ས་མཚམས་ཞིབ་དཔྱད་སྒོ་ར་ཚུ་ སྒོ་བསྡམས་ནི་དེ་གིས་ ནང་འདྲེན་འབད་མི་ཚུ་གིས་ ཨ་སམ་གྱི་ཁྲོམ་སྡེ་ གེ་རེཇ་དང་ མེ་ལ་བ་ཛར་ཚུ་ལས་ མཁོ་མངགས་འབད་དེ་ བཀྲམ་སྤེལ་བ་ཚུ་གིས་ བསམ་གྲུབ་ལྗོངས་མཁར་ལུ་ ཚོད་བསྲེ་དང་ ཅ་ཆས་གཞན་ཚུ་ སྐྱེལ་འདྲེན་འབད་མི་ རྒྱ་གར་གྱི་ སྣུམ་འཁོར་ཊཱག་ཚུ་ནང་ ཏམ་ཁུའི་ཐོན་སྐྱེད་དང་ རྩིས་བཱིལ་ཚུ་ བསྐྱལ་དོ་ཡོདཔ་ཨིན་པས།
ཡིག་ཆ་གཞན་གྱི་རིགས་ཚུ་ ནང་འདྲེན་དང་ བཀྲམ་སྤེལ་འབད་མི་༢ ཀྱི་བར་ན་ མོས་མཐུན་ཐོག་ མི་སྡེ་བརྡ་བརྒྱུད་ནང་ བརྗེ་སོར་འབད་དོ་ཡོདཔ་ད་ རྩིས་བཱིལ་ཚུ་ ཐོན་སྐྱེད་ལེན་པའི་སྐབས་ ཅ་དམ་འགོ་དཔོན་ཚུ་ལུ་ གསལ་སྟོན་འབད་དོ་ཡོདཔ་བཞིན་དུ་ ནད་འབུབ་འབུ་ནི་ལས་ སྔོན་འགོག་འབད་ཐབས་ལུ་ རྩིས་བཱིལ་དང་ ཐོན་སྐྱེད་ཚུ་ དུས་ཡུན་ཆུ་ཚོད་༢༤ གི་རིང་ སོ་སོར་སྦེ་ སྒྲོམ་ཅིག་ནང་ བཙུགས་བཞགཔ་ཨིན་པས།
ཏམ་ཁུ་ནང་འདྲེན་གྱི་ བྱ་སྒོ་དང་འཁྲིལཝ་ད་ ནང་འདྲེན་འབད་མི་ཚུ་གིས་ ཐོན་སྐྱེད་ཚུ་ ལག་ཤུབས་དང་ ཁ་རས་ལག་ལེན་འཐབ་ཐོག་ལས་ ཚུལ་ལྡན་སྦེ་ བདག་འཛིན་འབད་དེ་ ཅ་དམ་འགོ་དཔོན་ཚུ་ལུ་ གསལ་སྟོན་འབད་དགོཔ་ཨིན་པས།
ཐོན་སྐྱེད་ཚུ་ལེན་པར་ འགྱོ་བའི་སྐབས་ སྨན་ཆུ་དང་ལག་ཤུབས་ ཁ་རས་ ཆུ་ཤོག་ལ་སོགས་པ་ཚུ་ འབག་དགོཔ་བཞིན་དུ་ ཐོན་སྐྱེད་དེ་ཚུ་ རང་དོན་སྤྱོད་ནིའི་དོན་ལུ་ཨིནམ་ལས་ ཚོང་འབྲེལ་འཐབ་ནི་དང་ གཞན་ལུ་བཀྲམ་སྤེལ་འབད་མི་ཆོག་ཟེར་བཀོད་ནུག།
ཨིན་རུང་ གནས་ཚུལ་ཤེས་མི་ ལ་ལོ་གིས་འབད་བ་ཅིན་ ད་རེས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཁེ་སང་ཅན་གྱི་ ཚོང་འབྲེལ་ཅིག་ལུ་ གྱུར་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་དང་ བདེ་བ་ཐང་ཚུ་ནང་ སྡོད་མི་ཚུ་གིས་ ཚོང་འབྲེལ་འཐབ་མས་ཟེར་ཨིནམ་ད་ ཏམ་ཁུ་སྒམ་རེ་ལུ་ དངུལ་ཀྲམ་༥༠༠ རེ་དང་ བཱ་བཱ་སྒམ་རེ་ལུ་ དངུལ་ཀྲམ་༡༠༠ དང་༢༠༠ དེ་རེ་སྦེ་ བཙོང་དོ་ཡོདཔ་མ་ཚད་ རྫོང་ཁག་གཞན་ཚུ་ནང་ཡང་ བཀྲམ་སྤེལ་འབདཝ་མས་ཟེར་ཨིན་པས།
འདས་པའི་ཟླཝ་ནང་ བསམ་གྲུབ་ལྗོངས་མཁར་ ཁྲིམས་སྲུང་འགག་པ་གིས་ བཱ་བཱ་སྒམ་༦༠ དེ་ཅིག་ ཉོ་བཙོང་འཐབ་མི་༣ འཛིན་བཟུང་འབད་དེ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཏམ་ཁུ་འཐུང་མི་ཚུ་གིས་ སླབ་མིའི་ནང་ གེ་རཱཇ་དང་ མེ་ལ་བ་ཛར་ལ་ཚུ་ནང་ ཏམ་ཁུ་བསྐྱལ་མི་ ངོ་ཤེསཔ་མེདཔ་ལས་ ཏམ་ཁུ་ནང་འདྲེན་འབད་ནི་ལུ་ གདོང་ལེན་ཡོདཔ་ལས་ ཅ་དམ་ཡིག་ཚང་གིས་ ནང་འདྲེན་འབད་དེ་ ཁྲལ་བཏབ་བཅུག་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ད་རེས་ ཏམ་ཁུ་སྒམ་ཅིག་ལུ་ དངུལ་ཀྲམ་༥༠༠ དང་ བཱ་བཱ་སྒམ་རེ་ལུ་ དངུལ་ཀྲམ་༢༠༠ དེ་རེ་ སླབ་མི་ལུ་ མི་ཚུ་གིས་ ཉོ་མ་ཚུགས་མི་ལུ་བརྟེན་ ཁྲིམས་འགལ་ཐོག་ ས་མཚམས་བརྒལ་འགྱོ་ནིའི་ ཉེན་ཁ་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ལྟ་རྟོག་འབད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ རྫོང་བདག་ཐར་ཕྱིན་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བཅུག་མི་དེ་ ཁྲིམས་འགལ་ཐོག་ ཐོན་སྐྱེད་ནང་འདྲེན་འབད་མི་དང་ ས་མཚམས་བརྒལ་འགྱོ་ནི་ལས་ སྔོན་འགོག་འབད་ཐབས་ལུ་དམིགས་ཏེ་ སྤྱི་ཟླ་༣ པའི་ནང་ ལས་བྱེད་ཚོགས་ཆུང་གི་ ཞལ་འཛོམས་ནང་ གྲོས་བསྡུར་འབད་དེ་ གྲོས་ཐག་བཅད་ཅི་ཟེར་ཨིནམ་ད་ ཁོང་གིས་ དམ་དམ་སྦེ་ ཞིབ་དཔྱད་དང་ ལྟ་རྟོག་ཚུ་ འབད་དོ་ཡོད་རུང་ མི་ལ་ལོ་གིས་ ཚོང་འབྲེལ་འཐབ་དོ་ཡོད་མི་དེ་ བཀག་འཛིན་འབད་ནི་ལུ་ ལཱ་ཁག་འདུག་ཟེར་ བཤདཔ་ཨིན་པས།
ཨིན་རུང་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བཅུག་ཞིནམ་ལས་ཚུར་ ཁྲིམས་འགལ་ཐོག་ ཐོན་སྐྱེད་དེ་ཚུ་ ནང་འདྲེན་འབད་མི་དེ་ ལོག་ལྟབ་ཀྱིས་ མར་བབས་སོང་ཡི་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *