ཨ་ལོ་གཅེས་སྐྱོང་ལྟེ་བ་ནང་ བཙུགས་མ་ཚུགས་མི་ ཨ་ལོ་ཚུ།

རང་གཤིས་མཁར་སྤྱི་འོག་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་ དགོས་མཁོ་ཡོདཔ།

༉ བཀྲིས་སྒང་ རང་གཤིས་མཁར་སྤྱི་འོག་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་མེད་ནི་དེ་གིས་ སྐྱེས་ལོ་༤ ལང་མི་ ཚེ་རིང་དོན་གྲུབ་དེ་ སྐྱེས་ལོ་༣ ལང་མི་ ཁོ་རའི་ནུམོ་དང་གཅིག་ཁར་ ཁྱིམ་ནང་སྡོད་དགོཔ་ཐོན་ནུག།
ལྟེ་བ་དགོ་པའི་སྐོར་ལས་ སྤྱི་ལོ་༢༠༡༦ ལུ་ རྒེད་འོག་བདག་སྐྱོང་ལུ་ ཞུ་བ་འབད་དེ་ ལོ་༣ ལང་རུང་ མཐུན་རྐྱེན་ཚུ་ འཐོབ་ནི་མིན་འདུག་ཟེར་ གཡུས་མི་ཚུ་གིས་ བཤདཔ་ཨིན་པས།
ཨ་ལོ་གཅེས་སྐྱོང་ལྟེ་བའི་ རེ་འདོད་བསྐྱེད་སྡོད་མི་ཅིག་ ཨ་ལོ་༢ ཀྱི་ཨའི་ བསོད་ནམས་བདེ་སྐྱིད་ཨིནམ་ད་ མོ་གིས་ སླབ་མིའི་ནང་ ལྟེ་བ་འཐོབ་འོང་ཟེར་བའི་ ལོ་རྒྱུས་གོཝ་མ་གཏོགས་ ནམ་ཡང་མི་ཐོབ་ནི་མས་ཟེར་ ཨིན་པས།
མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གལ་སྲིད་ལྟེ་བ་འཐོབ་པ་ཅིན་ ལྟེ་བ་ལུ་བརྟེན་ སྤུས་ཚད་དང་ལྡན་པའི་ གཅེས་སྐྱོང་ཐོབ་དོ་ཡོདཔ་ལས་ ཨའི་ཚུ་ལུ་ ཕན་ཐོགས་པ་གིས་མ་ཚད་ ཨ་ལོ་ཚུ་ཡང་ ཆུང་ཀུའི་བསྒང་ལས་ར་ ལྕོགས་གྲུབ་གོང་འཕེལ་འགྱོ་ནི་མས་ཟེར་ཨིན་པས།
གཡུས་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་གནས་ནང་ ལྟེ་བ་འགོ་བཙུགས་འོང་ཟེར་སླབ་སྟེ་ གཞུང་ལས་གནང་ནི་མེདཔ་ལས་ གནད་དོན་ག་ཅི་ལུ་བརྟེན་ མ་ཐོབ་ཨིན་ན་ ཧ་མི་གོ་བས་ཟེར་ཨིན་པས།
གལ་སྲིད་ ལྟེ་བ་དང་ ཁྲོམ་ཁའི་མཐུན་རྐྱེན་ཡོད་པ་ཅིན་ གནས་སྤོ་འགྱོ་དགོཔ་ཅིག་མིན་འདུག་ཟེར་ གཡུས་མི་ཅིག་གིས་ བཤད་པའི་ཁར་ མཐུན་རྐྱེན་ཚངམ་སྦེ་ཡོད་པ་ཅིན་ གནས་སྤོ་འགྱོ་མི་ཚུ་ཡང་ ལོག་འོང་ནིའི་གོ་སྐབས་འདུག་ཟེར་ ཨིན་པས།
ཨ་ལོ་༢ ཀྱི་ཨའི་ ཀུན་དགའ་པདྨ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨའི་མང་ཤོས་ར་ ཁྱིམ་ནང་ཨ་ལོ་བལྟ་མི་མེདཔ་ལས་ ལཱ་སར་འཁྱིད་དགོཔ་ཐོནམ་མས་ཟེར་ཨིནམ་ད་ ལྟེ་བ་ནང་ བཙུགས་མི་དང་ ཁྱིམ་ནང་བཞག་མི་ལུ་ ཁྱད་པར་འདུག་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ གཞན་མི་སྤྱི་འོག་གི་ཨ་ལོ་ཚུ་ མཐུན་རྐྱེན་སྤྱོད་ནིའི་གོ་སྐབས་ཐོབ་ད་ རང་གི་ཨ་ལོ་ཚུ་ ག་ནི་ཡང་ མི་ཤེས་དོ་ཡོདཔ་ལས་ བློ་ཕམ་བྱུངམ་མས་ཟེར་ཨིན་པས།
སོ་ནམ་པ་ བསོད་ནམས་ཚེ་རིང་གིས་ སླབ་མིའི་ནང་ ལྟེ་བ་གིས་ ཞིང་ནང་ཨ་ལོ་ཁྱིད་འགྱོ་མི་ ཨའི་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ཨ་ལོ་ཚུ་ ལྟེ་བ་ནང་ ཤེས་ཡོན་སྦྱངམ་སྡོདཔ་ད་ ཕམ་ཚུ་གིས་ སོ་ནམ་གྱི་ལཱ་ལུ་ བརྩོན་ཤུགས་བསྐྱེད་ཚུགས་ནི་མས་ཟེར་ ཁོ་གིས་བཤད་པའི་ཁར་ གཞུང་གིས་ ལྟེ་བ་གནང་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར་ཨིན་པས།
ད་རེས་ ཨ་ལོ་གཅེས་སྐྱོང་ལྟེ་བ་ནང་བཙུགས་ནིའི་དོན་ལུ་ གྲ་སྒྲིག་ཡོད་མི་ ཨ་ལོ་༡༣ ལྷགཔ་ཅིག་ཡོདཔ་ད་ མང་ཤོས་ར་ དུས་ཅི་ སློབ་གྲྭ་ནང་ བཙུགས་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ གནད་དོན་ག་ཅི་ལུ་བརྟེན་ ལྟེ་བ་མ་ཐོབ་ཨིན་ན་ ཁུངས་བཀལ་དགོཔ་འདུག་ཟེར་ ཨིན་པས།
སྐྱེས་ལོ་༣༧ ལང་མི་ ཨྱོན་ནོར་བུ་གིས་ སླབ་མིའི་ནང་ ཨ་ལོ་ཚུ་ སློབ་གྲྭ་ནང་ བཙུགས་མ་རནམ་ལས་ ལྟེ་བ་གིས་ གྲ་སྒྲིག་འབད་དོ་ཡོདཔ་ལས་ གཡུས་ཚན་གཞན་གྱི་ ལྟེ་བའི་ཨ་ལོ་ཚུ་ལྟཝ་ད་ར་ ཤེས་ཚུགས་པས་ཟེར་ཨིན་པས།
རྫོང་ཁག་ ཤེས་རིག་འགོ་དཔོན་གོངམ་ ཕུན་ཚོགས་ཀྱིས་ སླབ་མིའི་ནང་ རང་གཤིས་མཁར་གཡུས་ཚན་ནང་ ལྟེ་བ་རྐྱབ་ནིའི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༠.༢ དེ་ཅིག་ ཆ་འཇོག་གྲུབ་སྟེ་ཡོད་ཟེར་ཨིནམ་ད་ ཁང་མིག་རྒྱུན་སྐྱོང་གི་ལཱ་དང་ སློབ་སྟོན་པ་གསརཔ་གདམ་འཐུ་འབད་དགོཔ་ལས་ སྤྱི་ལོ་༢༠༢༠ ལུ་ འགོ་བཙུགས་ཚུགས་ནི་མས་ཟེར་ཨིན་པས།
ད་རེས་ བཀྲིས་སྒང་ལུ་ ཨ་ལོ་གཅེས་སྐྱོང་ལྟེ་བ་༣༠ དེ་ཅིག་ཡོདཔ་ད་ ད་རུང་ ལྟེ་བ་གསརཔ་༡༡ བཙུགས་ནིའི་འཆར་གཞི་ཡོདཔ་ཨིན་པས།
འཆར་གཞི་༡༢ པའི་ནང་ སྤྱི་འོག་ག་རའི་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་རེ་ བཙུགས་ནིའི་འཆར་གཞི་ཡོད་ཟེར་ ཤེས་རིག་འགོ་དཔོན་གོངམ་ ཕུན་ཚོགས་ཀྱིས་ སླབ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་བསྒང་།

 

 

About admin

Check Also

མོང་སྒར་ཁྲོམ་ཁར་ སི་སི་ཊི་བི་པར་ཆས་ཚུ་ གཞི་བཙུགས་འབད་ནི།

༉ མོང་སྒར་ཁྲོམ་གྱི་ ས་ཁོངས་ལྟེ་བའི་ནང་ ཉེན་སྲུང་གི་དོན་ལུ་ སི་སི་ཊི་བི་པར་ཆས་ གཞི་བཙུགས་འབད་བའི་བསྒང་ལས་ ས་ཁོངས་དེ་ནང་ ཁྱད་རིག་ལྡན་པའི་ཁྲོམ་གྱི་བསམ་གཞི་ལུ་ གཞི་བཞག་སྟེ་བཟོ་མི་ ཁྲོམ་གྱི་མཐུན་རྐྱེན་ཚུ་ ཚང་ནི་ཨིན་པས། མོང་སྒར་ཁྲོམ་ལྟེ་བ་དེ་ མོང་སྒར་ཁྲོམ་གྱི་འོག་ལུ་ ས་གནས་ས་ཁོངས་འཆར་གཞི་༧ ཡོད་པའི་ནང་ལས་ …

Leave a Reply

Your email address will not be published. Required fields are marked *