རྒན་ཤོས་ཚུ་གིས་ གླུ་གར་གྱི་ མཆོད་པ་ཕུལ་བའི་བསྒང་།

ཡོངས་གྲགས་ཅན་གྱི་ བུམ་ཐང་སྟང་སི་སྦིས་མ་ཎིའི་དུས་སྟོན་ སྲོལ་ཁྱུན་མ་ཉམས་པར་ རྒྱུན་འཛིན་ཐོག་ཡོདཔ།

༉ འབྲུག་རྒྱལ་ཁབ་ཀྱི་ ལུང་ཕྱོགས་ཁག་ལས་ཕར་ ལམ་སྲོལ་གྱི་ དུས་སྟོན་ཁག་མ་འདྲཝ་ལེ་ཤ་ བརྩི་སྲུང་ཞུ་སྲོལ་ཡོད་དོ་བཟུམ་སྦེ་ བུམ་ཐང་ཨུ་ར་རྒེད་འོག་ སྟངས་སི་སྦིས་ གཡུས་ཚན་ནང་ཡང་ ཡོངས་གྲགས་ལུ་ སྟངས་སི་སྦིས་མ་ཎི་ཟེར་ ད་ལྟོའི་བར་ན་ཡང་ སྲོལ་མ་ཉམས་པར་ བརྩི་སྲུང་ཞུཝ་ཨིན་པས།
མ་ཎི་གི་ ལམ་སྲོལ་དེ་ཡང་ གཡུས་སྒོ་དེ་ནང་ མི་ལོ་༧༠༠ དེ་ཅིག་གི་ ཧེ་མ་ལས་ དར་ཡོདཔ་ད་ མ་ཎིའི་ལས་རིམ་དེ་ ལོ་བསྟར་བཞིན་དུ་ རང་ཟླ་༡ པའི་ཚེས་༡༥ ལས་ཚེས་༡༩ ཚུན་ ཉིན་གྲངས་༥ གི་རིང་ ཁྱིམ་གུང་པ་༤༩ དེ་ཅིག་གིས་ སྟངས་སི་སྦིས་ལྷ་ཁང་ནང་སྦེ་ བརྩི་སྲུང་འབདཝ་མས།
མ་ཎི་ལས་རིམ་དེ་ གཡུས་ཚན་དེ་ནང་གི་ ཀྲོང་པའི་རྩ་བ་དང་ དགོན་པའི་རྩ་བ་ དེ་ལས་ ཟུར་པའི་རྩ་བ་ཟེར་ རྩ་བོ་གསུམ་གྱིས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་བསྒང་ ལས་རིམ་ནང་ བཅའ་མར་གཏོགས་མི་ བླམ་གིས་གཙོས་པའི་ གར་འཆམ་དང་ ཞབས་ཁྲ་རྐྱབ་མི་ དེ་ལས་ ཕྱི་ཁ་ལས་བྱོན་མི་ མགྱོནམ་ཚུ་ལུ་ དྲོ་པའི་ཞལ་ཐུག་ལས་འགོ་བཟུང་ ཕྱི་རུའི་ཚོགས་སྟོན་ཚུན་ དྲངམ་ཨིན་པས།
ལས་རིམ་དེ་ གཞན་ཁའི་ཚེས་བཅུ་དང་ མ་འདྲཝ་ཡོད་མི་དེ་ཡང་ མི་སེར་ཚུ་གིས་ ཉིན་མ་སྐུ་འཆམ་དང་ ནུབ་མོ་འབད་བ་ཅིན་ བླམ་ཆོསཔ་ཚུ་གིས་ ལྷ་ཁང་ནང་ ཚེ་དཔག་མེད་དགོངས་འདུའི་ གསུང་ཆོག་གནངམ་དང་འབྲེལ་ དེ་ནང་སྤུངས་འཛོམས་འབད་མི་ཚུ་གིས་ ཚེའི་དངོས་གྲུབ་ཞུ་ནིའི་དོན་ལུ་ ཚེ་བསྐོར་ཟེར་ ཞབས་བྲ་འཐེན་ བྲོ་འཁྲབ་སྟེ་ རྒན་གཞོན་མེད་པར་ ག་ར་གིས་ སྤྲོ་སྣང་གི་ཐོག་ལས་ ལྷ་ཁང་བསྐོར་ར་རྐྱབ་ཨིན་མས།
མི་སེར་ཚུ་གིས་འབད་རུང་ གཡུས་སྒོ་དེ་ནང་ ལོ་གཅིག་གི་རིང་ལུ་ ཆར་ཆུ་དུས་ལུ་བབས་ ལོ་ཕྱུགས་རྟག་ཏུ་ལེགས་ ནད་མུག་འཁྲུགས་རྩོད་ཚུ་ ཞི་ཐབས་ཀྱི་དོན་ལུ་ཨིན་ཟེར་ ཡིད་ཆེས་བསྐྱེདཔ་ཨིན་པས།
མ་ཎིའི་ཉིནམ་དང་པའི་ནང་ བླམ་ཆོསཔ་ཚུ་གིས་ ལྷ་ཁང་ནང་ གསུང་ཆོག་ལས་སྦེ་ འགོ་བཙུགསཔ་བཞིན་དུ་ ཕྱི་རུ་ལྷ་ཁང་ནང་སྦེ་ མི་མང་ལུ་ བཞེངས་ཤིག་པདྨོའི་སྐུ་འཆམ་དང་ ཚོགས་འཆམ་ཚུ་ མཇལ་ཁ་གནངམ་ཨིན་པས།
ཉིནམ་༢ པའི་ནང་ བླམ་གིས་དབུ་གཙོས་ ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་གིས་ དྲོ་པ་ཆུ་ཚོད་༨ དེ་ཅིག་ལས་ ས་གནས་སྨན་ཆུ་སྒང་ཟེར་སར་ སྐུ་ཁྲུས་གནང་སྟེ་ ཆིབས་གྲལ་བཙར་ཐོག་ལས་ ལམ་བདའ་མར་ཆང་ཚར་གསུམ་ ཕུད་གཏོར་ཞིནམ་ལས་ གདན་འདྲེན་ཞུ་དོ་ཡོདཔ་ད་ དེ་ཡང་ དང་པ་ར་ ཀྲོང་པའི་རྩ་བ་དང་ ཟུར་བའི་རྩ་བ་ དེ་ལས་ དགོན་པའི་རྩ་བ་༣ གྱིས་ མར་ཆང་ཕུད་གཏོར་ཏེ་ རིམ་པ་བཞིན་དུ་ ལྷ་ཁང་ནང་ གདན་འདྲེན་ཞུ་མི་དེ་ལུ་ བཙུགས་སྟོན་ཟེར་ སླབ་ཨིན་པས།
དེ་བསྒང་ གཤིན་རྗེ་ཡབ་ཡུམ་དང་ ཤ་རྫམ་ ཁྱུང་སྡེ་ལྔ་ དེ་ལས་ མཁའ་འགྲོའི་གར་འཆམ་དང་ གླུ་གར་གྱི་ མཆོད་པ་སྣ་ཚོགས་ སྤྱན་འབུལ་ཞུཝ་ཨིན་པས།
ཉིནམ་༣ པའི་ནང་འབད་བ་ཅིན་ བར་སྟོན་ཟེར་ རང་ཟླ་༡ པའི་ཚེས་༡༧ ལུ་ མི་མང་ལུ་ སྐུ་འཆམ་གྱི་གྲས་ལས་ དགྲ་ལྷ་དཔང་སྟོད་དང་ ཁྱུང་རྫམ་ འཆམ་ཆེན་ དེ་ལས་ ཕོ་ལེགས་མོ་ལེགས་ཀྱི་ སྐུ་འཆམ་དང་ གླུ་གར་གྱི་མཆོད་པ་ སྣ་ཚོགས་ཕུལ་སྲོལ་འདུག།
ཉིནམ་༤ པའི་ནང་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ལས་ ལྷ་ཁང་ནང་གི་ ནང་རྟེན་རྩ་ཅན་དང་ གཏེར་སྟོན་ཤེས་རབ་མེ་འབར་གྱི་ རྗེས་དྲན་ལུ་ མཐོང་གྲོལ་གསར་བཞེངས་འབད་མི་དེ་ མི་མང་ལུ་ མཇལ་ཁ་གནངམ་བཞིན་དུ་ སྐུ་འཆམ་འབད་བ་ཅིན་ གཤིན་རྗེའི་སྐུ་འཆམ་དང་ ཁྱུང་འཆམ་ ཤ་རྫམ་ དེ་ལས་ དམྱལ་བའི་འཆམ་ཟེར་ བར་དོའི་སྐུ་འཆམ་ཚུ་ གནངམ་ཨིན་པས།
ཉིན་མཇུག་ལུ་ བཀྲ་ཤིས་ཀྱི་ཉིནམ་ཟེར་ གཡུས་སྒོའི་མི་སེར་དང་ ཕྱི་ཁ་ལས་བྱོན་མི་མགྱོནམ་ཚུ་ ལྷ་ཁང་ནང་འཛོམས་ཏེ་ ལོ་གཅིག་གི་རིང་ བཀྲིས་ཕུན་སུམ་ཚོགས་པའི་ སྨོན་ལམ་བཏབ་ཐོག་ལས་ བཀྲིས་ཀྱི་ མོ་ཞུ་སྲོལ་འདུག།
བཀྲིས་ཀྱི་མོ་དེ་ཡང་ ལོ་གཅིག་གི་ བཟང་ངན་དང་ འཚུབ་ཆ་ཚུ་ རང་སོའི་ཕོརཔ་ནང་ སིང་ཆང་བླུགས་བཞག་ཞིནམ་ལས་ བླམ་གིས་ བཀྲིས་ཀྱི་སྨོན་འབྲུ་གཏོར་བའི་སྐབས་ ཕོརཔ་ནང་ སྨོན་འབྲུ་ཆ་དང་ ཡ་འབད་འཛུལ་མི་ལུ་ རྟེན་འབྲེལ་བཟང་ངན་གྱི་ རྟགས་པ་བལྟ་དོ་ཡོད་མི་དེ་ཡང་ སྨོན་འབྲུ་ཆ་འཛུལ་བ་ཅིན་ རྟེན་འབྲེལ་ངན་ནི་དང་ སྨོན་འབྲུ་ཡ་འཐོབ་པ་ཅིན་ རྟེན་འབྲེལ་བཟང་བའི་ཆ་སྦེ་ ཡིད་ཆེས་བསྐྱེད་དེ་ དེ་གི་བཟློག་ཐབས་རིམ་གྲོ་ཚུ་ཡང་ བླམ་གིས་གསུངསམ་ཨིན་པས།

དུས་སྟོན་ནང་ བཅའ་མར་གཏོགས་མི་ཚུ་གིས་ ཚེ་བསྐོར་རྐྱབ་པའི་བསྒང་།

སྟངས་སི་སྦིས་མ་ཎི་གི་རྒྱབ་ཁུངས།
རྒན་ཤོས་ཚུ་གིས་ མ་ཎིའི་སྐོར་ལས་ རྒྱབ་ཁུངས་སླབ་མི་དང་འཁྲིལཝ་ད་ སྟངས་སི་སྦིས་མ་ཎི་ཟེར་ ཡོངས་གྲགས་ཐལ་མི་དེ་ཡང་ བུམ་ཐང་པའི་ཁ་སྐད་ལས་ ཞབས་ཁྲ་ལུ་ མ་ཎི་ཟེར་ སླབ་སྲོལ་ཡོད་མི་ལས་ རྟ་དྲངས་ཏེ་ དར་ཁྱབ་ཡར་སོཔ་འོང་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༧༥ ལང་མི་ བླམ་གནས་བརྟན་བགྲེསཔ་ བཀྲ་ཤིས་ཀྱིས་ བཤད་མིའི་ནང་ སྟངས་སི་སྦིས་མ་ཎི་ཟེར་མི་དེ་ ཁོ་ར་ཆུང་ཀུ་བསྒང་ལས་ར་ ཕམ་རྒན་ཤོས་ཚུ་གིས་ ད་ལྟོ་བཟུམ་སྦེ་ར་ བརྩི་སྲུང་ཞུ་སར་ མཇལ་ཡོད་རུང་ མ་ཎིའི་རྒྱབ་ཁུངས་བཤད་མི་དང་ ཡང་ཅིན་ ཁུངས་གཏུགས་ཀྱི་ ཡིག་ཆ་ཅིག་ཡང་ མཇལ་མ་ཚུགསཔ་ལས་ གཡུས་སྒོ་དེ་ནང་ མ་ཎིའི་སྲོལ་ ག་དེ་སྦེ་ དར་ཡོདཔ་ཨིན་ན་ ཁུངས་སྐྱེལ་མི་ཚུགས་ནི་མས་ཟེར་ཨིན་པས།
བླམ་གནས་བརྟན་བགྲེསཔ་གིས་ མ་ཎི་ཟེར་མི་དེ་ ཞབས་ཁྲ་ལུ་ གོ་ནི་མེན་པར་ འཕགས་པ་ཐུགས་རྗེ་ཆེན་པོའི་ གཟུངས་སྔགས་ཡི་གེ་དྲུག་མ་ལུ་གོ་ཟེར་ བཤད་མི་དེ་ཡང་ སྟངས་སི་སྦིས་ལྷ་ཁང་དེ་ དུས་རབས་༡༤ པའི་ནང་ གཏེར་སྟོན་ཤེས་རབ་མེ་འབར་གྱིས་ གདན་ས་བཅགས་ཏེ་ ད་ལྟོའི་ལྷ་ཁང་བཞེངས་ཞིནམ་ལས་ ལྷ་ཁང་འདི་ནང་ སྨྱུང་གནས་གཞི་བཙུགས་གནང་ཞིནམ་ལས་ཚུར་ ལོ་བསྟར་བཞིན་དུ་ མ་ཎི་བགྱང་ནི་གི་ སྲོལ་བཙུགས་ཡོདཔ་འོང་ནི་མས་ཟེར་ཨིན་པས།
ཨིན་རུང་ སྨྱུང་གནས་སྲུང་ནི་ཉམས་ཏེ་ ད་རེས་ནངས་པར་ འགོ་འདྲེན་འཐབ་སྲོལ་ཡོད་པའི་ མ་ཎིའི་དུས་སྟོན་ཟེར་ མི་མང་ལུ་ སྐུ་འཆམ་དང་ གླུ་གར་གྱི་ མཆོད་པ་ཕུལ་ནི་གི་ སྲོལ་དར་དརཝ་བཟུམ་འདུག་ཟེར་ བླམ་གིས་ བཤདཔ་ཨིན་པས།
དེ་བཟུམ་མའི་ མ་ཎིའི་སྲོལ་འདི་ སྟངས་སི་སྦིས་ གཡུས་སྒོ་རྐྱངམ་གཅིག་ལུ་མེན་པར་ ཆུ་སྨད་རྒེད་འོག་ བུ་ལི་གཡུས་ཚན་དང་ ཀྲོང་གསར་གླང་མཐིལ་རྒེད་འོག་ དང་གདུང་གཡུས་ཚན་ནང་ཡང་ བརྩི་སྲུང་ཞུ་སྲོལ་ཡོད་རུང་ དེ་གི་རྒྱབ་ཁུངས་སོ་སོར་ཡོད་པའི་ ལོ་རྒྱུས་བཤད་ནི་འདུག།
བླམ་བཀྲིས་ཀྱིས་འབད་བ་ཅིན་ བུམ་ཐང་བུ་ལི་གཡུས་ཚན་དེ་ གཏེར་སྟོན་རྡོ་རྗེ་གླིང་པའི་གནས་ཨིནམ་ལས་ གཏེར་སྟོན་མཆོག་གིས་ ས་གནས་དེ་ཁར་ མ་ཎི་དུང་སྒྲུབ་གཞི་བཙུགས་གནང་ཞིནམ་ལས་ཚུར་ ད་རེས་ནངས་པར་ འགོ་འདྲེན་འཐབ་སྲོལ་ཡོད་པའི་ བུ་ལི་མ་ནི་ཟེར་ དར་ཁྱབ་སོང་ནུག་ཟེར་ཨིན་པས།
མ་ནིའི་སྐོར་ལས་ ད་ལྟོ་ཚུན་ ཁུངས་གཏུགས་ཀྱི་ ཡིག་ཆ་ཅིག་ ཐོབ་མ་ཚུགས་རུང་ རིག་གཞུང་མཐོ་རིམ་སློབ་གྲྭ་དང་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་གིས་ སྤྱི་ལོ་༢༠༠༤ ལུ་ ཞིབ་འཚོལ་འབད་ཡོད་པའི་ གླང་མཐིལ་རྒེད་འོག་ དང་གདུང་མ་ཎིའི་སྐོར་ལས་ ཁུངས་སྐྱེལ་དོ་བཟུམ་འབད་བ་ཅིན་ དང་གདུང་ལྷ་ཁང་དེ་ཡང་ གཏེར་སྟོན་རྡོ་རྗེ་གླིང་པ་གི་ གདན་ས་རྩ་ཅན་ཅིག་ཨིནམ་སྦེ་ བཤད་ནི་འདུག།
མ་ཎི་དེ་ཡང་ རྡོ་རྗེ་གླིང་པའི་ གདན་ས་ཉམས་མ་བཅུག་པར་ བཞག་ཐབས་ལུ་དམིགས་ཏེ་ དང་གདུང་གི་ མི་སེར་ཚུ་གིས་ རྡོ་རྗེ་གླིང་པའི་བརྒྱུད་འཛིན་ ཨཱ་བརྒྱ་རིན་པོ་ཆེ་ བུམ་ཐང་ཆུ་སྨད་ བུ་ལི་ལས་བྱོན་དགོཔ་སྦེ་ གསོལ་བ་བཏབ་པའི་ངོ་ལུ་ གནམ་ལོ་ཤིང་སྤྲེལ་ སྤྱི་ལོ་༡༩༤༡ ལུ་ ཨཱ་བརྒྱ་རིན་པོ་ཆེ་གིས་ དང་གདུང་གཡུས་ཚན་དེ་ནང་ སྨྱུང་གནས་ཆ་༢ དང་༣ དེ་ཅིག་ བཙུགས་གནང་སྟེ་ མ་ཎི་དུང་ཕྱུར་བཏོན་གནངམ་ལས་ དང་གདུང་མ་ཎི་ཟེར་ སླབ་སྲོལ་དར་ནུག་ཟེར་ཨིན་པས།
མ་གཞི་ སྟངས་སི་སྦིས་ཀྱི་ མི་སེར་ཚུ་གིས་འབད་བ་ཅིན་ མ་ཎི་ཟེར་མི་དེ་ དུས་སྟོན་གྱི་སྐབས་ལུ་ ཚེ་བསྐོར་ཟེར་ ཉིན་གྲངས་གསུམ་གྱི་རིང་ ལྷ་ཁང་བསྐོར་ར་རྐྱབ་དོ་ཡོདཔ་ལས་ ཁོང་རའི་ཁ་སྐད་དང་འཁྲིལ་ མ་ཎི་ཟེར་མི་འདི་ གླུ་གར་གྱི་མཆོད་པ་ཕུལ་བའི་ དུས་སྟོན་ལུ་ གོ་ནི་ཨིན་ཟེར་ ཁུངས་སྐྱེལ་དོ་ཡོད་རུང་ ཁུངས་གཏུགས་ཀྱི་ ལོ་རྒྱུས་དང་ ཞིབ་འཚོལ་འབད་ཡོད་པའི་ ཡིག་ཆ་ཚུ་ལུ་བལྟ་བ་ཅིན་ མ་ནི་ཟེར་མི་འདི་ གླུ་གར་གྱི་ མཆོད་པ་ཕུལ་ནི་ལུ་ གོ་ནི་མེན་པར་ གཏེར་སྟོན་ཤེས་རབ་མེ་འབར་གྱིས་ གཡུས་སྒོ་དེ་ནང་ གདན་ས་བཅགས་གནང་སྟེ་ ད་ལྟོ་ཡོད་པའི་ ལྷ་ཁང་བཞེངས་ཞིནམ་ལས་ ལོ་བསྟར་སྨྱུང་གནས་སྲུང་ནི་གི་སྲོལ་བཙུགས་ཞིནམ་ལས་ཚུར་ མ་ཎི་ཟེར་ སླབ་སྲོལ་དར་ཡོད་པའི་ རྒྱབ་ཁུངས་སྐྱེལ་མི་ལུ་ ཞིབ་འཚོལ་འབད་བལྟ་རུང་ བདེན་པ་སྦོམ་འདུག་ཟེར་ཞུ་ནི།
པདྨ་གཡུ་སྒྲོན།
ཞིབ་རོགས་ལེགས་སྦྱར་བ།
སྟག་རྩེ་སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭ།

About admin

Check Also

ས་གནས་གཞུང་ནང་ རྫོང་བདག་གི་ འགན་ཁུར་ག་ཅི་ཨིན་ན?

༉ ས་གནས་གཞུང་ལུ་ དབང་ཚད་ཕྱིར་སྤེལ་འབད་མི་ལུ་བརྟེན་ རྫོང་བདག་གམ་ རྫོང་ཁག་བཀོད་ཁྱབ་གཙོ་འཛིན་གྱི་ འགན་ཁུར་དེ་ བསྐྱར་འགྲེལ་ཐོག་ གསལ་རིལ་རི་སྦེ་བཟོ་དགོ་པའི་ དགོས་མཁོ་བྱུང་སྟེ་ཡོདཔ་ཨིན་པས། རྫོང་བདག་གི་ འགན་འཁྲི་དང་ དབང་ཚད་ཕྱིར་སྤེལ་བྱ་སྒོའི་ རིམ་པ་ཚུ་ དབྱེ་དཔྱད་འབད་ནིའི་དོན་ལུ་ བློན་ཆེན་ཌོག་ཊར་ …

Leave a Reply

Your email address will not be published. Required fields are marked *