ཁ་བྲལ་ལྟ་སྐོར་ལུ་འོང་མི་ ཨི་ཡུ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ ཏོ་མཱཟ་ ཀོཟ་ལོསི་ཀི།

ཡོ་རོ་པིན་སྤྱི་མཐུན་རྒྱལ་ཁབ་ཀྱིས་ འབྲུག་ལུ་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་འབད་ནི།

ཨི་ཡུ་གིས་ སྤྱི་ལོ་༢༠༡༤-༢༠ གི་དོན་ལུ་ གྲོགས་རམ་བྱིན་མི་དེ་ ཡུ་རོ་ས་ཡ་༦༨.༤ ལུ་ལྷོད་ནུག།

༉ འབྲུག་གི་དོན་ལུ་ ཡུ་རོ་པིན་སྤྱི་མཐུན་(ཨི་ཡུ) རྒྱལ་ཁབ་ཀྱི་གཞུང་ཚབ་ ཏོ་མཱཟ་ ཀོཟ་ལོསི་ཀི་གིས་ ཨི་ཡུ་གི་གོང་འཕེལ་མ་དངུལ་གྲོགས་རམ་ཚུ་ འབྲུག་གཞུང་གི་ཧོངས་ལས་ ཚུལ་ལྡན་དང་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་མི་ལུ་ ལེགས་བསྟོད་ཞུཝ་ཨིན་པས།
ང་བཅས་ཀྱི་ གོང་འཕེལ་གྲོགས་རམ་ཚུ་ འབྲུག་གཞུང་གིས་ ལག་ལེན་འཐབ་ཐངས་ལུ་བལྟ་སྟེ་ ང་བཅས་སེམས་དགའ་ཡོདཔ་མ་ཚད་ ངལ་རངས་བྱུང་སྟེ་ཡོད་ཟེར་ སྤྱི་ཟླ་༨ པའི་ཚེས་༢༠ ལས་༢༢ ཚུན་ འབྲུག་ལུ་ ཁ་བྲལ་ལྟ་སྐོར་ལུ་འོང་མི་ ཨི་ཡུ་གི་གཞུང་ཚབ་ ཀོཟ་ལོསི་ཀི་གིས་ ཀུན་གསལ་ལུ་ བཤདཔ་ཨིན་པས།
ཨི་ཡུ་གིས་ འབྲུག་ལུ་ འཆར་དངུལ་གྱི་ ལས་འགུལ་གཙོ་ཅན་༢ ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ད་ དེ་ཡང་ ལས་འགུལ་དང་པ་གིས་ ས་གནས་གཞུང་དང་ དངུལ་འབྲེལ་གྱི་ དབང་ཆ་ཕྱིར་སྤེལ་ལུ་ རྒྱབ་སྐྱོར་འབད་མི་དེ་ ནང་སྲིད་ལྷན་ཁག་དང་ དངུལ་རྩིས་ལྷན་ཁག་གིས་ འཛིན་སྐྱོང་འཐབ་ཡོདཔ་ད་ ལས་འགུལ་༢ པའི་ཐོག་ལས་ སོ་ནམ་དང་ གནམ་གཤིས་དང་འབྲེལ་བའི་ གནད་དོན་ཚུ་ལུ་ རྒྱབ་སྐྱོར་འབདཝ་ཨིན་པས།
ཡུ་རོ་པིན་སྤྱི་མཐུན་གྱིས་ འབྲུག་གཞུང་ལུ་ སྤྱི་ལོ་༢༠༡༤-༢༠༢༠ ཚུན་གྱི་དོན་ལས་ ཡུ་རོ་ས་ཡ་༡༤ ལས་འགོ་བཙུགས་ ཡུ་རོ་ས་ཡ་༥༢ འབདཝ་ད་ དངུལ་ཀྲམ་ཐེར་འབུམ་༤ ལུ་ དངུལ་འབྲེལ་གྲོགས་རམ་ ཡར་སེང་འབད་ཡོད་མི་དེ་ཡང་ རྒྱལ་ཁབ་ཀྱིས་ རང་མགོ་རང་འདྲོངས་ཀྱི་ དམིགས་ཡུལ་འགྲུབ་ནི་དང་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་ ལྷན་ཐབས་ལུ་ཨིན་པས།
གཞུང་ཚབ་ཀྱིས་འབད་བ་ཅིན་ ཨི་ཡུ་གི་གྲོགས་རམ་དེ་ གཞུང་གི་གཙོ་རིམ་དང་ དགོས་མཁོ་དང་འཁྲིལ་ཏེ་ ཐད་ཀར་དུ་ འཆར་དངུལ་གྱི་ རྒྱབ་སྐྱོར་བྱིན་དོ་ཟེར་ཨིནམ་ད་ ཨི་ཡུ་དང་ འབྲུག་གཞུང་གིས་ སྤྱི་ལོ་༢༠༢༠ གི་ཤུལ་ལས་ འབྲུག་གི་འཆར་གཞི་༡༢ པ་དང་འཁྲིལ་ རྒྱབ་སྐྱོར་འབད་ནི་དང་ སྤྱི་ལོ་༢༠༢༣ ལུ་ འབྲུག་འདི་ གོང་འཕེལ་དུམ་གྲ་ཅིག་ལས་མ་འགྱོ་མི་ རྒྱལ་ཁབ་ཚུ་ལས་ ཕྱིར་ཐོན་འབད་བའི་ཤུལ་ལས་ རྒྱབ་སྐྱོར་འབད་ནིའི་ འོས་འབབ་ཚུ་གི་སྐོར་ གསུང་གྲོས་གནང་ནི་ འགོ་བཙུགས་ཏེ་ཡོད་ཟེར་ བཤདཔ་ཨིན་པས།
འཆར་དངུལ་གྱི་ རྒྱབ་སྐྱོར་དང་ གནད་དོན་ཁག་སོ་སོའི་ ལས་འགུལ་ཚུ་བརྩིས་ཏེ་ ཨི་ཡུ་གིས་ སྤྱི་ལོ་༢༠༡༤-༢༠༢༠ གི་དོན་ལས་ འབྲུག་ལུ་ མ་དངུལ་གྲོགས་རམ་བྱིན་མི་དེ་ ཡུ་རོ་ས་ཡ་༦༨.༤ ལུ་ བྱིན་ཡོདཔ་ཨིན་པས།
ལས་དོན་གསརཔ་ཚུ་གི་མཉམ་འབྲེལ།
འབྲུག་ལུ་ ལྟ་སྐོར་སྐབས་ གཞུང་ཚབ་ཀོཟ་ལོསི་ཀི་གིས་ ཨེ་ཤི་ཡ་མཐུད་སྦྲེལ་ལས་འགུལ་ཐོག་ལུ་ འཛམ་གླིང་ཞིབ་འཚོལ་དང་ ཤེས་རིག་ཡོངས་འབྲེལ་མཐུད་སྦྲེལ་དེ་ འབྲུག་ལས་ ཊཱནསི་ཡུ་ར་སི་ཡ་བརྡ་དོན་ཡོངས་འབྲེལ་ལུ་ མཐུད་སྦྲེལ་འབད་ནི་ ཡར་དྲག་གཏང་ཐབས་ལུ་ ལས་འགུལ་གསརཔ་ཅིག་ འགོ་འབྱེད་འབད་ཡོདཔ་ད་ ཨི་ཡུ་ལས་ མ་དངུལ་གྲོགས་རམ་ ཡུ་རོ་ས་ཡ་༢༠ ཐོག་ལས་ འགོ་བཙུགས་མི་ ལས་འགུལ་དེ་གིས་ ཨེ་ཤི་ཡ་པེ་སི་ཕིག་རྒྱལ་ཁབ་༢༤ དེ་ ནུས་ཤུགས་དང་ སྤུས་ཚད་ཅན་གྱི་ ཡོངས་འབྲེལ་དང་ མཐུད་སྦྲེལ་འབད་ནི་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢༠ ལུ་ འགོ་འབྱེད་འབད་བའི་ རྟེན་འབྲེལ་ནང་ བརྡ་དོན་དང་ བརྒྱུད་འབྲེལ་བློན་པོ་ ཀརྨ་རྡོ་གནོན་དབང་འདུས་ཀྱིས་ གྲལ་གཏོགས་འབད་ནུག།
ཨི་ཡུ་སྤྱི་མཐུན་རྒྱལ་ཁབ་དང་ འབྲུག་གི་བར་ན་ ཟུང་ཕྱོགས་མཐུན་ལམ་ སྒྲིང་སྒྲིང་ཡོདཔ་བཞིན་དུ་ ལས་འགུལ་གསརཔ་དེ་གིས་ ལྷག་པར་དུ་ མཐུན་འབྲེལ་རྩ་བརྟན་འགྱོ་འོང་ཟེར་ གཞུང་ཚབ་ཀྱིས་ བཤད་པའི་ཁར་ ཞིབ་འཚོལ་དང་ ཤེས་རིག་མི་སྡེ་ཚུ་གི་བར་ན་ མཐུད་སྦྲེལ་རྩ་བརྟན་བཟོ་བ་ཅིན་ འབྲུག་པའི་མི་སེར་ཚུ་ལུ་ ཤེས་རིག་དང་ ཞིབ་འཚོལ་ཐོན་ཁུངས་ཚུ་གི་ ཐོབ་སྤྱོད་ཡར་དྲག་བཟོ་ནི་གིས་མ་དོ་བར་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ ཕན་བདེ་ལུ་ཡང་ ཕན་ཁྱད་འབྱུང་འོང་ཟེར་ བཤདཔ་ཨིན་པས།
གཞུང་ཚབ་ཀྱིས་འབད་བ་ཅིན་ ཨི་ཡུ་གིས་ རྒྱབ་སྐྱོར་འབད་མི་ ལས་འགུལ་མ་འདྲཝ་ལེ་ཤ་ཡོད་མི་དེ་ཡང་ དཔེར་ན་ འབྲུག་ལུ་ ཞི་བའི་མི་སྡེ་ལས་ཚོགས་ལུ་ རྒྱབ་སྐྱོར་འབད་མི་དེ་ཡང་ ལས་ཚོགས་དེ་ དམངས་གཙོའི་རིང་ལུགས་ནང་ མཁོ་གལ་ཅན་གྱི་ ལས་སྡེ་ཅིག་འབད་ནི་དེ་གིས་ཨིན་ཟེར་ཨིན་པས།
ཁོ་ འབྲུག་ལུ་ འོང་དགོ་མིའི་ དམིགས་དོན་༡ པོ་དེ་ གཞུང་གི་གཙོ་རིམ་དང་ རེ་འདོད་ དེ་ལས་ དཔལ་འབྱོར་དང་ མི་སྡེའི་འཆར་གཞི་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ཐབས་ལུ་ཨིན་ཟེར་ གཞུང་ཚབ་ཀྱིས་ བཤད་ཡོདཔ་ད་ དུས་ཅི་སྤྱི་ཟླ་༤ པའི་ནང་ཡང་ ཡུ་རོ་པིན་སྤྱི་མཐུན་གྱི་ འཐུས་མི་རྒྱལ་ཁབ་ཚུ་ལས་ གཞུང་ཚབ་སྡེ་ཚན་ཅིག་ འགོ་ཁྲིད་ཐོག་ འབྲུག་ལུ་ འོང་ཡོདཔ་ཨིན་པས།
ཨི་ཡུ་དང་ འབྲུག་གི་མཐུན་འབྲེལ་ གོང་འཕེལ་གཏང་ནིའི་ནང་ གཞུང་ཚབ་ཀོཟ་ལོསི་ཀི་གིས་ འདས་པའི་ལོ་༤ གི་རིང་ལུ་ ལྷན་ཐབས་རྒྱ་ཆེཝ་སྦེ་ འབད་ཡོདཔ་ད་ ད་རིས་ འབྲུག་ལས་ ཡིད་ཆེས་ངལ་རངས་དང་ བསམ་པ་རྫོགས་ཏོག་ཏོ་སྦེ་ ལོག་འགྱོ་དོ་ཟེར་ ཁོ་གིས་ བཤད་པའི་ཁར་ ང་བཅས་ཀྱི་ ཁ་ཐུག་ལས་ འབྲུག་འདི་ འཛམ་གླིང་གནད་དོན་ཚུ་ནང་ མཉམ་རོགས་རྒྱལ་ཁབ་གལ་གནད་ཅན་སྦེ་ བརྩི་འཇོག་འབད་དོ་ཟེར་ བཤདཔ་ཨིན་པས།
འབྲུག་འདི་ གོང་འཕེལ་དུམ་གྲ་ཅིག་ལས་བརྒལ་མ་འགྱོ་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ ཕྱིར་ཐོན་འབད་ཞིནམ་ལས་ཡང་ ཨི་ཡུ་གིས་ དམངས་གཙོའི་རིང་ལུགས་ སྒྲིང་སྒྲི་བཟོ་ནི་དང་ མི་སྡེ་དཔལ་འབྱོར་གོང་འཕེལ་ནང་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་འབད་འོང་ཟེར་ གཞུང་ཚབ་ ཀོཟ་ལོསི་ཀི་གིས་ བཤདཔ་ཨིན་པས།
གཞུང་ཚབ་ཀོཟ་ལོསི་ཀི་གིས་ སྤྱི་ཟླ་༨ པའི་ཚེས་༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་ད་ དེ་གི་ཧེ་མར་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་དང་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་ སོ་ནམ་བློན་པོ་ ཡེ་ཤེས་དཔལ་འབྱོར་ ནང་སྲིད་བློན་པོ་ ཤེས་རབ་རྒྱལ་མཚན་ཚུ་དང་ མཇལ་ཕྲད་ཞུ་ཡོདཔ་མ་ཚད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་དང་ཡང་ཕྱད་ནུག།
དེ་གིས་མ་དོ་བར་ ལྡོག་ཕྱོགས་འགོ་ཁྲིདཔ་ མཁས་དབང་པདྨ་རྒྱ་མཚོ་དང་ འབྲུག་གཞུང་གི་ ཆེ་མཐོའི་འགོ་དཔོན་ དེ་ལས་ བརྡ་བརྒྱུད་ལས་ཁང་གི་ འཐུས་མི་ཚུ་དང་ ཕྱད་ཡོདཔ་ཨིན་པས།
གཞུང་ཚབ་ཀོཟ་ལོསི་ཀི་དེ་ སྤྱི་ལོ་༢༠༡༦ ལུ་ འཐུས་མི་རྒྱལ་ཁབ་༢༨ ཡོད་མི་ ཨི་ཡུ་སྤྱི་མཐུན་གྱི་ གཞུང་ཚབ་སྦེ་ བསྐོ་བཞག་མ་འབད་བའི་ཧེ་མར་ འབྲུག་ལུ་ མ་ལྷོད་པའི་ཁར་ རྒྱལ་ཁབ་ཀྱི་སྐོར་ལས་ ཤེས་རྟོགས་ལེགས་ཤོམ་མེདཔ་ཨིན་པས།
གཞུང་ཚབ་ ཀོཟ་ལོསི་ཀི་དེ་ རྒྱ་གར་དང་ འབྲུག་རྒྱལ་ཁབ་ཀྱི་ གཞུང་ཚབ་ཨིནམ་ད་ ཁོ་ར་ གནས་ཡུན་ཚང་སྟེ་ རྒྱ་གར་ནིའུ་ལྡི་ལི་གཞུང་ཚབ་ལས་ཁང་ལས་ བེལ་ཇི་ཡམ་གྱི་རྒྱལ་ས་ བཱ་ར་སིལསི་ལུ་ཡོད་མི་ ཨི་ཡུ་ཡིག་ཚང་གཙོ་ཁང་ནང་ འཕྲལ་མགྱོགས་ར་ ལོག་འགྱོ་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *