སློབ་ཕྲུག་བུམོ་ཅིག་གིས་ ཇ་གི་ཚབ་ལུ་ ཨོམ་འཐུང་པའི་བསྒང་།

ཡེ་སྦིས་ལབ་རྩྭ་ སློབ་གྲྭ་ལྟེ་བའི་ནང་ ཇ་གི་ཚབ་ལུ་ ཚོད་བསྲེའི་ཁུ་བ་བྱིན་དོ་ཡོདཔ།

༉ རྒྱལ་ཁབ་ཀྱི་ སློབ་གྲྭའི་ སློབ་ཕྲུག་མང་ཤོས་ཅིག་གིས་ དྲོ་པའི་དྲོ་མཛར་དེ་ ལྟོ་མར་ཁུ་ནང་ བརྔོ་མི་དང་གཅིག་ཁར་ ཇ་འཐུང་དོ་ཡོད་རུང་ གཞལམ་སྒང་ ཡེ་སྦིས་ལབ་རྩྭ་ སློབ་གྲྭ་ལྟེ་བའི་ནང་འབད་བ་ཅིན་ གནས་སྟངས་མ་འདྲཝ་ཅིག་འདུག།
དེ་ཡང་ སློབ་གྲྭ་དེ་ནང་ དྲོ་པའི་དྲོ་མཛར་དེ་ ལྟོ་མར་ཁུ་ནང་ བརྔོ་མི་དང་གཅིག་ཁར་ ཇ་མེན་པར་ དེ་གི་ཚབ་ལུ་ ཟད་བཅུད་ལྡན་པའི་ཁར་ ཞིམ་ཏོག་ཏོ་ཡོད་མི་ ཚོད་བསྲེ་ཁུ་བ་བྱིན་ནིའི་ལམ་ལུགས་ འགོ་བཙུགས་ཏེ་འདུག།
ལམ་ལུགས་དེ་ཡང་ སློབ་གྲྭ་ནང་ སྤྱི་ལོ་༢༠༡༨ ཀྱི་ སློབ་དུས་ལས་ འགོ་བཙུགས་ཡོདཔ་ད་ འཕྲལ་འཕྲལ་ སློབ་ཕྲུག་ཚུ་ལུ་ ལྟོ་དང་གཅིག་ཁར་ ཨོམ་ཡང་བྱིན་དོ་ཡོདཔ་ཨིན་པས།
ལས་རིམ་འགོ་བཙུགས་མི་ལུ་ སློབ་གྲྭའི་དབུ་འཛིན་ རྡོ་རྗེ་གིས་ སླབ་མིའི་ནང་ ཤེས་རིག་ལྷན་ཁག་ལས་ ཟད་བཅུད་མཁས་མཆོག་ཚུ་གིས་ ཐབ་ཚངཔ་དང་ དབུ་འཛིན་གྱི་ སྦྱོང་བརྡར་འབད་བའི་སྐབས་ ལྟོ་དང་གཅིག་ཁར་ ཇ་བྱིན་མ་བཏུབ་པའི་སྐོར་ལས་ སླབ་པའི་ཤུལ་ལས་ འགོ་བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་ལུ་ ཇ་བྱིན་རུང་ ལྟོ་དང་ ཇ་གི་བར་ན་ དུས་ཡུན་སྐར་མ་༣༠ དང་ ཆུ་ཚོད་༡ བཞག་ཐོག་ལས་ བྱིན་དོ་ཟེར་ཨིནམ་ད་ སློབ་གྲྭ་གིས་ ཚོད་བསྲེ་འཛུགས་སྐྱོང་དང་ ཇར་སི་བ་ཚུ་ གསོ་སྐྱོང་འབད་དོ་ཡོདཔ་ལས་ ཚོད་བསྲེ་ཁུ་བ་ཐོབ་མ་ཚུགས་པའི་ དཀའ་ངལ་མེད་པའི་ཁར་ སློབ་གྲྭ་གིས་ སྤྱི་ལོ་༢༠༡༨ ལུ་ རྒྱལ་ཁབ་ནང་འཁོད་ལས་ ཚོད་བསྲེ་འཛུགས་སྐྱོང་ནང་ཡང་ ཨང་དང་པ་ཐོབ་ཅི་ཟེར་ཨིན་པས།
སློབ་གྲྭ་བདག་སྐྱོང་གིས་ སློབ་ཕྲུག་ཚུ་ལུ་ ལྟོ་དང་གཅིག་ཁར་ ཇ་བྱིན་པ་ཅིན་ གནོད་ཉེན་སྐོར་ལས་ ལེགས་ཤོམ་སྦེ་ བཤད་ནི་དེ་ གལ་ཅན་ཅིག་ཨིནམ་བཞིན་དུ་ བརྡ་སྤྲོད་འབད་དེ་ སློབ་ཕྲུག་ཚུ་གིས་འབད་རུང་ ཚོད་བསྲེ་ཁུ་བ་དང་ ཨོམ་འཐུང་མ་བཏུབ་པའི་ དཀའ་ངལ་མེད་ཟེར་ཨིན་པས།
ཇ་དང་ ཚེད་བསྲེ་ དེ་ལས་ ཨོམ་གྱི་ ཟད་འགྲོ་ཐད་ལུ་ ཁྱད་པར་མེད་པའི་ཁར་ ལས་རིམ་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ བྱུང་སྟེ་ཡོད་ཟེར་ སློབ་གྲྭའི་དབུ་འཛིན་ རྡོ་རྗེ་གིས་བཤད་ཅི།
ཤེས་རིག་ལྷན་ཁག་ལས་ ཟས་བཅུད་མཁས་མཆོག་ ཀུན་བཟང་བདེ་སྐྱིད་ཀྱིས་ བཤད་མིའི་ནང་ སློབ་གྲྭའི་བཟའ་སྤྱོད་ནང་ འབྲེལ་གཏོགས་འབད་མི་ སློབ་གྲྭའི་ ཐབ་ཚངཔ་དང་ གཉེར་པ་ཚུ་ལུ་ ཞལ་འཛོམས་འགོ་འདྲེན་འཐབ་ཐོག་ལས་ སློབ་ཕྲུག་ཚུ་ལུ་ ལྟོ་དང་གཅིག་ཁར་ ཇ་བྱིན་ནི་ བཤོལ་བཞག་འབད་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
དེ་ཡང་ ལྟོ་དང་གཅིག་ཁར་ ཇ་བྱིན་པ་ཅིན་ ཇ་གིས་ ལྟོ་གི་ཟས་བཅུད་ག་ར་ འཇོམས་བཏང་དོ་ཡོདཔ་ལས་ རྒྱལ་ཁབ་ཀྱི་ སློབ་གྲྭ་ཚུ་ནང་ ལྟོ་དང་གཅིག་ཁར་ ཇ་བྱིན་ནི་ བཤོལ་བཞག་དགོ་པའི་ སེམས་ཤུགས་བྱིན་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སློབ་ཕྲུག་ཚུ་ལུ་ ཇ་དེ་ ལྟོ་དང་གཅིག་ཁར་མེན་པར་ ཇ་དང་ ལྟོ་གི་བར་ན་ དུས་ཚོད་ཅིག་བཟོ་ཞིནམ་ལས་ བྱིན་དགོ་པའི་སྐོར་ལས་ སློབ་གྲྭ་ཚུ་ལུ་ བསམ་འཆར་བརྗེ་སོར་འབད་ཡི་ཟེར་བཤད་ཅི།
མོ་གིས་འབད་བ་ཅིན་ སློབ་གྲྭ་ཚུ་ནང་ རེས་གཟའ་པ་སངས་ལུ་ ཟས་བཅུད་ཀྱི་ ཨའི་རོན་ཟེར་མི་ སྨན་ལེབ་ཚུ་བྱིན་དོ་ཡོད་མི་ལུ་བརྟེན་ ཉིནམ་དེ་ནང་ སློབ་ཕྲུག་ཚུ་ལུ་ ཇ་བྱིན་མ་བཏུབ་རུང་ བྱིན་བཞིན་དུ་འདུག་ཟེར་ཨིནམ་ད་ ད་རེས་ སློབ་གྲྭ་ཚུ་ནང་ ཟས་བཅུད་ལྡན་པའི་ དཀའ་ངལ་ཚུ་ ཐོན་བཞིན་དུ་ཡོདཔ་ལས་ དེ་གི་དཀའ་ངལ་སེལ་ནི་ལུ་ ལྷན་ཁག་གིས་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཟས་བཅུད་མཁས་མཆོག་གིས་ སླབ་མིའི་ནང་ སློབ་གྲྭའི་ཐབ་ཚངཔ་ཚུ་ལུ་ ཇ་གི་ཚབ་སྦེ་ ཚོད་བསྲེ་ཚུ་གི་ ཁུ་བ་མ་འདྲཝ་ཚུ་ བཟོ་ནི་གི་ སྦྱོང་བརྡར་ཚུ་ཡང་ བྱིན་ཡི་ཟེར་ཨིན་པས།
ད་རེས་ ཤེས་རིག་ལྷན་ཁག་གིས་ ལྟོ་དང་གཅིག་ཁར་ ཇ་བྱིན་མ་དགོ་པའི་སྐོར་ལས་ ཡིག་ཚང་བཀའ་རྒྱ་ཚུ་ཡང་ མ་བྱིན་པར་ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་ མི་མང་ལས་ཁུངས་ཀྱི་ ལས་རིམ་འགོ་དཔོན་གོངམ་དང་ ཟས་བཅུད་མཁས་མཆོག་ ལེགས་ལྡན་ཟེཊ་གིས་ སླབ་མིའི་ནང་ ལྟོ་དང་གཅིག་ཁར་ ཇ་དང་ བསྲུ་ཇ་འཐུང་པ་ཅིན་ ཟས་བཅུད་ཨའི་རོན་ ཐོབ་མ་ཚུགས་པའི་ཁར་ གཟུགས་ཁར་ཁྲག་ ཉུང་བའི་དཀའ་ངལ་བྱུང་འོང་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *