ཡིག་སྡེབ་ཚུ་ བསྒྱུར་བཅོས་འབད་ནི་མེན་པར་ རྫོང་ཁ་གོང་འཕེལ་གཏང་ནི་གི་ ཐབས་ལམ་བཏོན་དགོཔ།

༉ སྤྱི་ཟླ་༡༠ པའི་ཚེས་༢༦ ལུ་ ཉིན་བསྟར་རྒྱལ་ཡོངས་གསར་ཤོག་ ཀུན་གསལ་གྱི་ རྩོམ་སྒྲིག་པའི་སྣང་འཆར་ནང་ མིང་གནས་དང་ ཡིག་སྡེབ་བསྒྱུར་བཅོས་འབད་མི་གིས་ མི་མང་ལུ་ ཕན་ཁྱད་ལས་ལྷག་པའི་ མགུ་རྙོགས་ཅན་བཟོ་བའི་སྐོར་ བཀོད་མི་དེ་ལུ་ ངེ་གི་ཁ་ཐུག་ལས་ ལྷན་ཐབས་ཀྱི་ བསམ་འཆར་ཅིག་ཞུ་ནི།
མ་གཞི་ མིང་གནས་ཚུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ བདེན་ཁུངས་བཟང་དོ་བཟུམ་ རྒྱབ་ཁུངས་དང་ དགོས་པ་ རྒྱུ་མཚན་ཚུ་ལུ་ གཞི་བཞག་སྟེ་ མིང་བཏགས་ཡོདཔ་མ་ཚད་ ཡིག་སྡེབ་ཚུ་ཡང་ དོན་དག་དང་མཐུནམ་སྦེ་ བཟོ་དགོཔ་ཨིན་རུང་ ཀུན་གསལ་གྱི་ རྩོམ་སྒྲིག་པའི་ སྣང་འཆར་ནང་ བཀོད་མི་ལུ་ བལྟ་བ་ཅིན་ རྒེད་འོག་དང་ གཡུས་སྒོ་ཚུ་གི་ མིང་གནས་བསྒྱུར་བཅོས་དང་ ཡིག་སྡེབ་མ་འདྲཝ་ བྲིས་ཡོད་མི་དེ་གིས་ མི་མང་ལུ་ ཕན་ཁྱད་མེན་པར་ ཧེང་སྐལ་ར་ མགུ་འཐོམ་སི་སི་བཟོ་ཡོད་པའི་ གསལ་སྟོན་འབདཝ་མས་ཟེར་ཞུ་ནི།
ང་གིས་ ཧ་གོ་དོ་བཟུམ་འབད་བ་ཅིན་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ འགན་ཁུར་ངོ་མ་ར་ རྒྱལ་ཡོངས་སྐད་ཡིག་ མི་ཉམས་གོང་འཕེལ་དང་ དར་ཁྱབ་གཏང་ནིའི་དོན་ལུ་ གནད་དོན་ག་ཅི་ར་ཨིན་རུང་ གོ་བ་འཇམ་ཏོང་ཏོ་དང་ དུས་མཐུན་བཟོ་ནི་ དེ་ལས་ སྔར་མེད་པའི་ མིང་ཚིག་གསརཔ་བཟོ་ནི་ཚུ་ཨིན་མས་ཟེར་ཞུ་ནི།
ཨིན་རུང་ ང་བཅས་ཀྱིས་ ལོ་དང་པ་ཅིག་གི་ཧེ་མར་ཐོན་མི་ རྫོང་ཁའི་ཚིག་མཛོད་དང་ ཨིང་ལིཤ་རྫོང་ཁ་ཤན་སྦྱར་ཚིག་མཛོད་ཚུ་ལུ་ འབྲེལ་གཏུགས་འབད་དེ་བལྟཝ་ད་ ཚིག་མཛོད་རེ་རེའི་ནང་ ཡིག་སྡེབ་མ་འདྲཝ་རེ་ བཀོད་དེ་ཡོད་མི་ཚུ་གིས་ ལག་ལེན་འཐབ་ཚུ་ལུ་ མགུ་འཐོམ་བཅུགཔ་མ་ཚད་ ད་རེས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ འགོ་འདྲེན་ཐོག་ལུ་ མིང་གནས་གསལ་བའི་འོད་ཟེར་གྱི་ ཀི་དེབ་ཅིག་ པར་སྐྲུན་འབད་མི་དེ་ནང་ ཡོངས་གྲགས་ཡོད་མི་ རྒེད་འོག་དང་ གཡུས་ཚན་གྱི་ མིང་ལེ་ཤ་ཅིག་ བསྒྱུར་བཅོས་འབད་ནུག་ཟེར་ ཀུན་གསལ་ནང་ བཀོད་ཡོདཔ་ལས་ ཚ་གྱང་ལང་དགོཔ་བྱུང་ཡི་ཟེར་ཞུ་ནི།
དེ་ཡང་ སྤྱི་ལོ་༢༠༠༨ ལུ་ འབྲུག་རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ འགོ་བཙུགས་པའི་སྐབས་ བཙག་འཐུ་ལྷན་ཚོགས་ཀྱིས་ རྫོང་ཁག་༢༠ གི་ སྤྱི་འོག་དང་ གཡུས་ཚན་ཚུ་གི་ མིང་གནས་ཚུ་ལུ་ ཡིག་སྡེབ་མ་འདྲཝ་ བྲིས་མི་དེ་གིས་ མི་མང་ལུ་ མགུ་འཐོམ་སི་སི་བཟོ་ཡོདཔ་མ་ཚད་ ད་རེས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ཡང་ ཡིག་སྡེབ་མ་འདྲཝ་ བྲིས་ཏེ་ཡོད་པ་ཅིན་ ག་ལུ་ཆ་བཞག་ནི་ཨིན་ན་ མ་ཤེསཔ་ཡར་སོ་ཡི་ཟེར་ཞུ་ནི།
མ་གཞི་ ལྷན་ཚོགས་ཀྱིས་ མིང་གནས་དང་ ཡིག་སྡེབ་ཚུ་ བསྒྱུར་བཅོས་འབད་མི་དེ་ ཞིབ་འཚོལ་དང་འཁྲིལ་ འོང་སྲིད་ནི་ཨིན་རུང་ དར་ཁྱབ་དང་ ལག་ལེན་ཁྱབ་ཆེ་དྲགས་ཡོད་མི་ མིང་གནས་དང་ ཡིག་སྡེབ་ཚུ་ བསྒྱུར་བཅོས་འབད་དགོ་པའི་ འོས་ཁུངས་ཅིག་ མི་མཐོངམ་མས་ཟེར་ཞུ་ནི།
ད་ཚུན་གྱི་བར་ན་ འབྲུག་མི་ཚུ་གིས་ རྫོང་ཁ་འབྲི་ལྷག་ལུ་ སྤྲོ་བ་མ་བསྐྱེད་མི་དེ་ དཔེ་དེབ་དང་ ཚིག་མཛོད་གསརཔ་རེ་ཐོནམ་ད་ བརྡ་སྦྱོར་དང་ ཡིག་སྡེབ་མ་འདྲཝ་བྲིས་ཡོད་མི་ལུ་བརྟེན་ཨིན་ཟེར་ཞུ་ནི།
འཛམ་གླིང་རྒྱལ་ཁབ་ཚུ་ནང་ ཚིག་མཛོད་ཚུ་ དུས་མཐུན་བཟོཝ་ད་ ཧེ་མའི་མིང་ཚིག་དང་ ཡིག་སྡེབ་ཚུ་ རང་འཇགས་བཞག་ཐོག་ལས་ དེང་སང་གི་ འགྱུར་བ་དང་ འཕྲུལ་རིག་གི་ སོར་བསྒྱུར་ལུ་བརྟེན་ མིང་ཚིག་གསརཔ་ཐོན་མི་ཚུ་ལུ་ ཞིབ་འཚོལ་འབད་དེ་ གསལ་བཀོད་འབདཝ་ཨིན་ཟེར་ཞུ་ནི།
འདི་འབདཝ་ལས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ འགན་འཁྲི་ངོ་མ་འགྲུབ་ཐབས་ལུ་ ཡིག་སྡེབ་ཚུ་ སོར་ནི་མེན་པར་ རྒྱལ་ཡོངས་སྐད་ཡིག་དེ་ ག་དེ་སྦེ་ གོང་འཕེལ་དང་ དར་ཁྱབ་གཏང་ནི་ཨིན་ནའི་ ཐབས་ལམ་ཚུ་ བཏོན་དགོཔ་འདུག་ཟེར་ ཞུ་ནི་ཨིན།
པདྨ་མཁའ་འགྲོ།
ཐིམ་ཁྲོམ།

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *