ཡིག་ཆ་རྫུས་བཟོ་ལུ་བརྟེན་ འབུམ་སྡེ་གླིང་རྒཔོ་ འཛིན་བཟུང་འབད་ཡོདཔ།

༉ འདས་པའི་བདུན་ཕྲག་ནང་ བཀྲིས་གཡང་རྩེའི་ ཁྲིམས་སྲུང་འགག་པ་གིས་ གསརཔ་བཙག་གྲུབ་མི་ འབུམ་སྡེ་གླིང་རྒཔོ་གིས་ ཡིག་ཆ་རྫུས་བཟོ་འབད་བའི་དོགས་པ་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༤༡ ལང་མི་ རྒཔོ་གིས་ དངུལ་ཁང་ཅིག་ནང་ལས་ ཡིག་ཆ་རྫུས་བཟོའི་ཐོག་ སྐྱིན་འགྲུལ་ཁག་༢ དེ་ཅིག་ ལེན་ཡོདཔ་ད་ རྒཔོ་དེ་ སྤྱི་ཟླ་༩ པའི་ནང་ དུས་མིན་བཙག་འཐུ་འགོ་འདྲེན་འཐབ་པའི་ཤུལ་ལས་ རྒཔོ་གསརཔ་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
གནས་ཚུལ་བྱིན་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༦ ལུ་ རྒཔོ་གིས་ ས་ཁྲམ་གྱི་ཇོ་བདག་གིས་ ཤེས་རྟོགས་ག་ནི་ཡང་མེད་པར་ འབྲུག་གོང་འཕེལ་དངུལ་ཁང་ལས་ སྐྱིན་འགྲུལ་དངུལ་ཀྲམ་༥༠༠,༠༠༠ དང་༧༠༠,༠༠༠ འབད་མི་ ཁག་༢ ལེན་ནུག་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ དོགས་ཅན་རྒཔོ་གིས་ སྐྱིན་འགྲུལ་བཏབ་མ་ཚུགས་པར་ དུས་ཡུན་ལེ་ཤ་ལང་མི་ལུ་བརྟེན་ འབྲུག་གོང་འཕེལ་དངུལ་ཁང་གིས་ སྤྱི་ཟླ་༡༠ པའི་ནང་ རྫོང་ཁག་ཁྲིམས་ཀྱི་མདུན་སར་ བསྐྱལ་ནུག་ཟེར་ཨིན་པས།
དེ་ལས་ སྤྱི་ཟླ་༡༡ པ་དེ་ཅིག་ཁར་ རྫོང་ཁག་ཁྲིམས་མདུན་གྱིས་ ཞིབ་དཔྱད་མཛད་པའི་སྐབས་ དོགས་ཅན་རྒཔོ་གིས་ སྐྱིན་འགྲུལ་ཚུ་ ཡིག་ཆ་རྫུས་བཟོའི་ཐོག་ ལེན་ཡོད་པའི་ཤེས་རྟོགས་བྱུང་བའི་ཤུལ་ལས་ གནད་དོན་དེ་ ཕྱིར་འབུད་བཏང་ནུག་ཟེར་ཨིན་པས།
སའི་ཇོ་བདག་གིས་ གནད་དོན་དེ་གི་སྐོར་ ཤེས་རྟོགས་བྱུང་མི་ལུ་བརྟེན་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ སྙན་ཞུ་འབད་མི་དང་བསྟུན་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ དོགས་པ་ཅན་ རྒཔོ་གིས་ཡང་ ཁ་བཟེད་ནུག་ཟེར་ གནས་ཚུལ་བྱིན་མི་ཚུ་གིས་ བཤདཔ་ཨིན་པས།
ཧེ་མའི་ འབུམ་སྡེ་གླིང་རྒཔོ་དེ་ ལོ་ན་མ་སྨིན་པའི་ བུམོ་ཅིག་དང་གཅིག་ཁར་ འདོད་སྤྱོད་འབད་བའི་ གནད་དོན་ལུ་བརྟེན་ བཙོན་ཁྲིམས་ཕོག་ཡོདཔ་ལས་ སྤྱི་ཟླ་༩ པའི་ནང་ དུས་མིན་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ ཧེ་མའི་ རྒེད་དྲུང་ཨིན་མི་ དོགས་ཅན་རྒཔོ་དེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
རྒཔོ་གསརཔ་དེ་ཡང་ ཡིག་ཆ་རྫུས་བཟོ་དང་འབྲེལ་བའི་ གནད་དོན་ནང་ འབྲེལ་གཏོགས་ཡོད་ནི་དེ་གིས་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་མི་ལུ་བརྟེན་ ལོ་༥ འི་ནང་འཁོད་ལུ་ དུས་མིན་བཙག་འཐུ་ཚར་༢ འགོ་འདྲེན་འཐབ་དགོཔ་ འཐོན་ནི་ཨིན་པས།
གནད་དོན་དེ་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བཀྲིས་གཡང་རྩེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་སེར་རང་དབང་གི་ཉིནམ་ ཐེངས་༧༡ པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྒྱལ་པོའི་གཟིམ་དཔོན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *