འོས་འབབ་ལྡན་པའི་གྲོས་ཆོད།

༉ གཞུང་གིས་ ནད་ཡམས་ཀོ་བིཌ་-༡༩ གི་གནས་སྟངས་ནང་ སྤྱིར་བཏང་གི་དོན་ལུ་ ཕན་རླབས་ཆེ་བའི་ གྲོས་ཆོད་དང་ ཐབས་ལམ་ལེ་ཤ་ཅིག་ར་ བཏོན་ཡོད་རུང་ ལག་ལེན་དངོས་བསྟར་ནང་ སྟབས་མ་བདེཝ་དང་ གདོང་ལེན་སྦོམ་ཤོས་ར་ ཁྲིམས་ལུགས་དམ་དྲགས་ཡོད་མི་ལས་ རྒྱལ་ཁབ་ཀྱི་ བཅའ་ཁྲིམས་༢ ལས་ བྱུངམ་ཨིན་མས།
བཅའ་ཁྲིམས་དེ་ཡང་ སྤྱི་ཚོགས་ཀྱིས་ མི་མང་གི་ འཕྲོད་བསྟེན་དང་ རྒྱལ་ཁམས་ཀྱི་ སྨན་བཅོས་ཟད་འགྲོ་ མར་ཕབ་འབད་ནི་ དེ་ལས་ ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་ནང་ ཏམ་ཁུ་ལོག་སྤྱོད་འབད་ནི་དེ་ མ་རུངསམ་ཅིག་ཨིན་མི་ལུ་དམིགས་ཏེ་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་དང་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་ ཆ་འཇོག་གྲུབ་ཡོད་རུང་ ནད་ཡམས་ཀོ་བིཌ་-༡༩ གི་ འཇིགས་སྣང་བྱུང་པའི་ ནམ་དུས་ལུ་ བར་རྐྱེན་དང་ དཀའ་འཚེ་སྦོམ་བྱིན་པའི་ གནད་དོན་ཅིག་ལུ་ གྱུར་ཏེ་འདུག།
ནད་ཡམས་ཀྱི་ གདོང་ལེན་ལུ་ གཞུང་གིས་ སྤྱི་ཟླ་༣ པའི་ཚེས་༢༣ ལས་ རྒྱལ་སྤྱི་ས་མཚམས་ཀྱི་ འཛུལ་སྒོ་ཚུ་ སྒོ་བསྡམས་ཡོད་རུང་ ཀོ་བིཌ་-༡༩ ལུ་ མ་འདྲོག་མི་དང་ རྒྱལ་ཁབ་ཀྱི་ཁྲིམས་ལུ་ འཚེར་སྣང་མེད་མི་ཚུ་གིས་ ས་མཚམས་ཕྱི་ཁ་ལས་ ཚུལ་མིན་གྱི་སྒོ་ལས་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ དེ་ལས་ སྨྱོ་རྫས་ཚུ་ འབག་འོང་སྟེ་ ནག་ཚོང་འཐབ་མི་དེ་གིས་ མི་སྡེའི་ནང་ ནད་ཡམས་སྤེལ་ནི་གི་ ཉེན་ཁ་ཚབས་ཆེན་བཟོཝ་ཨིན་མས།
དེ་བཟུམ་ནག་ཚོང་འཐབ་མི་དེ་ མཁོ་འདོད་བཀོད་མི་ མངམ་ཡོད་མི་ལུ་བརྟེན་ཨིནམ་བཞིན་དུ་ མི་དེ་ཚུ་གིས་ རང་དོན་ལུ་རྐྱངམ་གཅིག་ གཙོ་བོར་བཏོན་ཏེ་ རང་གི་ཕམ་སྤུན་ཆ་དང་ གཉེན་ཉེཝ་ ལྟ་ལྟོ་ཚང་ དེ་ལས་ རྒྱལ་ཁབ་ཀྱི་ མི་སེར་ཚུ་གི་ ཚེ་སྲོག་ལུ་ མནོ་བསམ་མ་བཏང་པའི་ བྱ་ངན་ཨིན་མས།
མི་ཚུ་གིས་ བྱ་ངན་འདི་བཟུམ་འབད་མི་ཚུ་ལུ་ ངོས་ལེན་འབད་བ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དབུ་ཁྲིད་ཐོག་ལུ་ རྒྱལ་ཁབ་ཀྱི་ ས་མཚམས་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནི་དང་ མི་སྡེའི་ནང་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་གི་ ཐབས་ཤེས་མང་རབས་ཅིག་ བཏོན་མི་ཚུ་ ཁུངས་མེད་འགྱོ་ནི་གི་ ཉེན་ཁ་སྦོམ་འདུག།
དཔེར་ན་ བསམ་རྩེ་རྫོང་ཁག་དེ་ རྒྱ་གར་དང་གཅིག་ཁར་ ས་མཚམས་སྒོ་ཡངས་དྲགས་ཡོདཔ་ལས་ ས་མཚམས་སྐོར་སྲུང་དང་ ལྟ་རྟོག་འབད་ནི་ལུ་ གདོང་ལེན་ཅན་ཅིག་ལུ་ གྱུར་ཡོདཔ་ད་ ད་ཚུན་གྱི་བར་ན་ མི་ངོ་༦༡ གིས་ ས་མཚམས་ཀྱི་ སྒྲིག་གཞི་ཚུ་ལས་ འགལ་མི་དེ་ཡང་ མང་ཤོས་ར་ ཏམ་ཁུ་དང་ སྨྱོ་རྫས་ཚུ་ལུ་བརྟེན་ཨིན་མས།
དེ་བཟུམ་སྦེ་ ཉིནམ་དག་པ་ཅིག་གི་ཧེ་མར་ པདྨ་དགའ་ཚལ་ངང་ལམ་ལུ་ ཕོ་སྐྱེས་ཅིག་གིས་ ཚུལ་མིན་གྱི་སྒོ་ལས་ ས་མཚམས་ཕྱི་ཁར་སོང་སྟེ་ ལོག་འོངམ་ད་ མི་༥༣ དང་ ཐད་ཀར་དུ་ འབྲེལ་བ་འཐབ་ཡོདཔ་ལས་ ཁོང་ག་ར་ ཁྱིམ་ནང་ཟུར་སྡོད་དགོཔ་བཟོ་ནུག།
ད་ལྟོ་ རྒྱལ་ཁབ་ནང་ ནད་ཡམས་ཐོབ་མི་ག་ར་ ཕྱི་ཁ་ལས་ ནང་འདྲེན་འབད་འབདཝ་ཙང་ཙ་ཨིན་རུང་ ཏམ་ཁུ་དང་ སྨྱོ་རྫས་ལུ་བརྟེན་ མི་སེྡའི་ནང་ ན་ཡམས་ཁྱབ་སྤེལ་འགྱོ་བ་ཅིན་ བསྐྱས་ས་སྦོམ་བསྐྱལ་ནི་མས།
དཀའ་ངལ་དང་ གདོང་ལེན་དེ་ཚུ་ལུ་ ཐུགས་ཁར་བསྣམས་ཏེ་ གཞུང་གིས་ མི་མང་དང་ ཆོས་སྡེ་ལས་ སྐྱོན་བརྗོད་དང་ ཁ་གཏང་སྲིད་ནི་ཨིན་རུང་ ན་ཡམས་ཀྱི་སྐབས་ལུ་ ཏམ་ཁུའི་རིགས་ ཁྲལ་ཡངས་ཚོང་ཁང་ལས་ བཙོང་ཆོགཔ་སྦེ་ གྲོས་ཐག་བཅད་གནང་ནུག།
ཏམ་ཁུའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ཏམ་ཁུའི་རིགས་ བཙོང་མ་ཆོགཔ་ཨིན་རུང་ ད་ཚུན་གྱི་བར་ན་ ཏམ་ཁུ་ཚུ་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་མི་ལུ་བརྟེན་ བཀག་དམ་གྱིས་ ཕན་ཐོགས་ནི་མེན་པར་ ཧེང་སྐལ་ར་ རྒྱལ་ཁམས་ལུ་ གྱོང་རྒུད་ཕོག་སྟེ་ཡོད་མི་དེ་ཡང་ ནག་ཚོང་ནང་ཉོཝ་ད་ གཞུང་ལུ་ ཁྲལ་བཏབ་ནི་མེདཔ་མ་ཚད་ ཏམ་ཁུ་ནག་ཚོང་འཐབ་མི་ཚུ་ འཛིན་བཟུང་འབད་དེ་ ཁྲིམས་འདུན་ལས་ ཁྲིམས་གཅོད་གྲུབ་པའི་མཐའ་མར་ བཙོན་ཁྲིམས་ཕོག་མི་ཚུ་ རྒྱལ་ཁམས་ཀྱིས་ གསོ་དགོཔ་བྱུངམ་ཨིན་མས།
གཞུང་གི་གྲོས་ཆོད་དང་འཁྲིལ་ འབྲུག་ཁྲལ་ཡངས་ཚོང་ཁང་ཚད་འཛིན་ལུ་ ཏམ་ཁུའི་ཐོན་སྐྱེད་ ཁྲལ་བརྒྱ་ཆ་༡༠༠ སྦེ་ བཙོང་བཅུགཔ་ད་ དངམ་གཅིག་ལུ་ ནད་ཡམས་ཀོ་བིཌ༌-༡༩ མི་སྡེའི་ནང་སྤེལ་ནིའི་ ཉེན་ཁ་བཀག་ཚུགས་ནི་དང་ གཉིས་འབདཝ་ད་ ནག་ཚོང་ནང་བཟོ་མི་ ཁེ་སང་དེ་ གཞུང་གི་རྩིས་ཁྲ་ནང་འགྱོ་ནི་ཨིནམ་ལས་ གཞུང་གི་སྙིང་སྟོབས་ཅན་དང་ འོས་ལྡན་གྱི་ གྲོས་ཆོད་ལུ་ སྐྱོན་བརྗོད་མེན་པར་ དགའ་ཚོར་དང་བཅསཔ་སྦེ་ ངོས་ལེན་འབད་དགོ།

About admin

Check Also

ཁྲིམས་སྲུང་འགག་པ་གིས་ ཆ་རོགས་ཅིག་ལུ་ གྱི་གསོབ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ སྐྱེས་ལོ་༢༠ ལང་མི་ ཁྲིམས་སྲུང་འགག་པ་གིས་ ཕུན་ཚོགས་གླིང་ལས་ སྐྱེས་ལོ་༢༣ ལང་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ གྱི་གསོབ་པའི་ཤུལ་ལས་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་སོཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *