གནམ་དགུན་ལུ་བྱིན་ནིའི་ སྔོ་རྩྭ་བཟོ་བའི་བསྒང་།

འོབ་ཐང་ལུ་ཡོད་མི་ སྒོ་ནོར་གསོ་སྐྱོང་ཁང་ རྒྱ་སྐྱེད་འབད་དོ་ཡོདཔ།

༉ བུམ་ཐང་སྟངས་ འོབ་ཐང་ལུ་ཡོད་མི་ སྟངས་འོབ་ཐང་མི་སྡེ་ཕན་སྡེ་ཚོགས་པའི་ སྒོ་ནོར་གསོ་སྐྱོང་ཁང་དེ་ ལེགས་བསྒྱུར་ཐོག་ལས་ རྒྱ་སྐྱེད་འབད་བའི་བསྒང་འདུག།

འོབ་ཐང་ལུ་ འགོ་བཙུགས་མི་ འོབ་ཐང་རང་བཞིན་སྨིན་པའི་ཚོད་བསྲེ་ལས་འགུལ་གྱི་ གདོང་ཕྱོགས་ལུ་ཡོད་པའི་ ནོར་གསོ་སྐྱོང་ཁང་དེ་ ས་ཆ་རྒྱ་ཆེ་དྲགས་ཅིག་ནང་ གཞི་བཙུགས་འབད་ཡོདཔ་ཨིན་རུང་ ཤུལ་ལས་ རྩྭ་འབྲོག་དེ་ཡང་ ཧེ་མ་བཟུམ་མེད་པའི་ཁར་ མཐའ་འཁོར་ལུ་ཡོད་མི་ རཝ་ཚུ་ཡང་ མེདཔ་ཐལ་ཡོདཔ་ཨིན་པས།

ད་ལྟོ་ གསོ་སྐྱོང་ཁང་དེ་ནང་ ནོར་༩༧ ཡོད་པའི་གྲས་ལས་ ནོར་༣༧ ཨོམ་བཞོ་དོ་ཡོདཔ་ལས་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༡༥༠ རེ་ བཙོང་དོ་ཡོདཔ་ཨིན་པས།

ད་རེས་ནངས་པར་ གསོ་སྐྱོང་ཁང་གིས་ ནོར་ཚུ་ལུ་ གནམ་དགུན་ལུ་བྱིན་ནིའི་ སྔོ་རྩྭ་བཟོ་ནིའི་ ལཱ་འབད་དོ་ཡོདཔ་མ་ཚད་ རྩྭ་འབྲོག་གོང་འཕེལ་གཏང་ནིའི་དོན་ལུ་ སྒོ་ནོར་ལས་ཁུངས་ཀྱི་ རྒྱབ་སྐྱོར་ཐོག་ལས་ ས་རྐོ་འཕྲུལ་ཆས་དང་ གློག་ཐག་རཝ་ བསྒོར་ནིའི་ཅ་ཆས་ཚུ་ག་ར་ ས་གནས་ནང་ལྷོད་དེ་འདུག།

སྟངས་རྒེད་འོག་གི་ སྒོར་ནོར་འགོ་དཔོན་གྱིས་ སླབ་མིའི་ནང་ སྒོ་ནོར་གསོ་སྐྱོང་གོང་འཕེལ་གཏང་ནིའི་ནང་ སྒོ་ནོར་ལས་ཁུངས་དང་ རྫོང་ཁག་བདག་སྐྱོང་ རྒེད་འོག་བདག་སྐྱོང་ དེ་ལས་ འོབ་ཐང་ཚོད་བསྲེ་ལས་འགུལ་ གཞི་བཙུགས་འབད་མི་ ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ རྒྱབ་སྐྱོར་འབད་དོ་ཟེར་ཨིན་པས།

སྒོ་ནོར་ལས་ཁུངས་དང་ རྫོང་ཁག་བདག་སྐྱོང་གི་ གློག་ཐག་རཝ་ ཀི་ལོ་མི་ཊར་༡༤ དེ་ཅིག་གི་ ཅ་ཆས་དང་ རྩྭ་བརྔ་ནིའི་འཕྲུལ་ དེ་ལས་ རྒེད་འོག་གིས་ རྩྭ་སོན་དང་ཐབས་རིག་གི་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།

སྒོ་ནོར་གསོ་སྐྱོང་ཁང་དེ་ མི་སྡེ་ནང་ལས་ ལོ་༣ གྱི་དོན་ལུ་ བཙག་འཐུ་འབད་ཡོད་པའི་ འཛིན་སྐྱོང་འགོ་དཔོན་དང་ གཏན་འཇགས་ཀྱི་ ལས་བྱེདཔ་༤ གིས་ འཛིན་སྐྱོང་འཐབ་དོ་ཡོདཔ་ཨིན་པས།

གསོ་སྐྱོང་ཁང་དེ་ འོབ་ཐང་ཚོད་བསྲེ་ལས་འགུལ་གྱི་ སྦོ་ལོགས་ཁར་ཡོདཔ་ལས་ ལས་འགུལ་༢ ཀྱིས་ ཉམས་འབྲེལ་ཐོག་ལས་ ལཱ་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།

འཛིན་སྐྱོང་འགོ་དཔོན་ པདྨ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ད་ལྟོ་ གསོ་སྐྱོང་ཁང་གི་དོན་ལུ་ ས་ཆ་ཨེ་ཀར་༩༨ ནང་ རྩྭ་བཏབ་ཡོདཔ་ཨིན་རུང་ ས་ཆ་རྒྱ་ཆེ་དྲགས་ཡོདཔ་ལས་ དུས་ཅི་ ཨེ་ཀར་༡༩༨ ལོག་སླར་སྤྱོད་འབད་དེ་ རྩྭ་བཏབ་ནིའི་དོན་ལུ་ གྲ་སྒྲིག་འབད་འོང་ཟེར་ཨིན་པས།

དེ་བཟུམ་སྦེ་ དུས་ཅི་ སྔོ་རྩྭ་བཟོ་ནི་དེ་ ཧེ་མ་དང་ཕྱདཔ་ད་ ཐེབས་བཟོ་ཡོདཔ་ད་ དེ་ཡང་ གསོ་སྐྱོང་ཁང་གིས་ ནོར་ཐེབས་ཉོ་ནིའི་ འཆར་གཞི་ཡོད་རུང་ ཁོང་ལུ་ རྩྭ་བརྔ་ནིའི་འཕྲུལ་ཆས་མེད་པའི་ གདོང་ལེན་ཡོདཔ་ཨིན་པས།

འཛིན་སྐྱོང་པ་གིས་ སླབ་མིའི་ནང་ མི་སྡེ་ནོར་གསོ་སྐྱོང་ཁང་གི་ ནོར་༣༠༠ ཐེབས་ཉོ་ནིའི་ འཆར་གཞི་ཡོདཔ་ལས་ ཟླ་རིམ་བཞིན་དུ་ ཨོམ་ལི་ཊར་༤༠༠ ལྷགཔ་ཅིག་ཐོན་མི་དེ་ སྟངས་ལུ་ཡོད་པའི་ ཨོམ་བཟོ་སྦྱོར་ཁང་ནང་ བཙོང་ནི་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འོབ་ཐང་ཚོད་བསྲེ་ལས་འགུལ་དང་ ཉམས་འབྲེལ་ལཱ་འབད་ནི་དེ་ཡང་ ལས་འགུལ་ནང་ལས་ཐོན་མི་ ཚོད་བསྲེའི་ལྷག་མ་ཚུ་ ནོར་གསོ་སྐྱོང་ཁང་ནང་ ནོར་ཚུ་ལུ་ སྔོ་ཆག་སྦེ་ འབད་བྱིན་ནི་དང་ ནོར་ལས་ཐོན་མི་ལུད་དེ་ ཚོད་བསྲེ་ལས་འགུལ་ནང་ བླུག་ནིའི་དོན་ལུ་ བྱིན་འོང་ཟེར་ཨིན་པས།

དེ་ལུ་བརྟེན་ སྟངས་ཀྱི་མི་སེར་ཚུ་དང་ ལྷག་པར་དུ་ སྟངས་སྟོད་ཀྱི་མི་དང་ ན་གཞོན་ཚུ་ལུ་ འོང་འབབ་བཟོ་ནིའི་ གོ་སྐབས་འཐོབ་ནི་ཨིན་པས།

ཁྱིམ་གུང་༢༩༦ གིས་ འཐུས་མི་འབད་ཡོད་མི་ སྒོ་ནོར་གསོ་སྐྱོང་ཁང་དེ་ འཕྲལ་མགྱོགས་ར་ གོང་འཕེལ་གཏང་སྟེ་ རྒྱལ་ཁབ་ནང་ཡོད་མི་ གཞུང་གི་ལས་འགུལ་ཚུ་བཟུམ་སྦེ་ མཐོང་ཚུགས་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། བུམཐང་།

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *