འོང་འབབ་བཟོ་བའི་ནམ་དུས་ལུ་ གྱོང་རྒུད་ཀྱི་བརྡབ་གསིག།

༉ ད་རེས་ནངས་པར་ དུས་ཚོད་མ་ཕྱིསཔ་ཅིག་ལས་ རྒྱབ་ལོག་བལྟ་བ་ཅིན་ ཧེ་མ་འབད་ཚར་མི་དང་ ད་ལྟོ་འབད་བའི་བསྒང་ཡོད་མི་ ད་ལས་ཕར་ འབད་ནིའི་ལས་འཆར་ཡོད་མི་ཚུ་གིས་ གསལ་སྟོན་འབྱུང་ཚུགས།
དེ་ཡང་ འདས་པའི་ལོ་བཅུ་ཕྲག་༢ ལྷགཔ་ཅིག་གི་ཧེ་མར་ འབྲུག་རྒྱལ་ཁབ་འདི་ གནས་སྟངས་ག་ཅི་བཟུམ་ཅིག་ནང་ཡོདཔ་ཨིན་ན་ ག་ར་གིས་ མཐོང་གསལ་ལུ་ཡོད་མི་དེ་ གོང་འཕེལ་འགྱོ་བའི་བསྒང་གི་ རྒྱལ་ཁབ་ཅིག་འབད་ནི་དེ་གིས་ ཕྱིའི་གྲོགས་རམ་ཁོ་ན་ལུ་བརྟེན་སྡོད་དགོཔ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ ཐོན་ཁུངས་ལུ་ རེ་བ་དང་ རེ་ཆེ་སྦོམ་སྦེ་ར་བསྐྱེད་དེ་སྡོད་ནུག།
གནད་དོན་འདི་ལུ་ གཞི་བཟུང་ཐོག་ རྒྱལ་ཁབ་ནང་འཁོད་ལས་ ཐོན་སྐྱེད་རྒྱ་སྦོམ་འབད་ནིའི་ དམིགས་རིམ་ལུ་བརྟེན་ གོང་འཕེལ་གྱི་ ཕྱག་གན་གྱིས་མ་ཚད་པར་ འོང་འབབ་བཟོ་མིའི་འཕྲུལ་ཁང་ཅིག་ གཞི་བཙུགས་འབད་ནི་ལུ་ གཙོ་རིམ་བཟུང་ཡོད་མི་དེ་ ད་ལྟོའི་བར་ན་ཡང་ འཕྲོ་མཐུད་ལག་ལེན་འཐབ་དང་ འཐབ་བཞིན་དུ་འདུག།
ག་འཆརཔ་ཟེར་བ་ཅིན་ རྒྱལ་ཁབ་ནང་འཁོད་ཀྱི་ འོང་འབབ་བཟོ་མིའི་ འཕྲུལ་ཁང་སྦོམ་ཤོས་གཅིགཔོ་དེ་ འགོ་དང་པ་ ཆུ་ཁ་གློག་མེ་འཕྲུལ་ཁང་ གཞི་བཙུགས་འབད་བའི་ཤུལ་ལུ་ དར་ལ་གློག་མེ་ལས་འགུལ་དང་ ཀུར་རི་ཆུ་གློག་མེ་ལས་འགུལ་ བ་སོ་ཆུ་གློག་མེ་ལས་འགུལ་ མང་སྡེ་ཆུ་གློག་མེ་ལས་འགུལ་ཚུ་ གཞི་བཙུགས་འབད་མི་གིས་ མ་ཚད་པར་ ད་རུང་ རྒྱལ་ཁབ་ལུ་ ཕན་ཐོགས་ཅན་གྱི་ འཕྲུལ་ཁང་སྦོམ་ཤོས་ སྤུ་ན་གཙང་ཆུ་གློག་མེ་འགུལ་དང་པ་དང་ གཉིས་པ་༢ ལུ་ གཞུང་གིས་ ཟད་འགྲོ་སྦོམ་བཏང་ཐོག་ལས་ ལས་འགུལ་ཚུ་ གང་མགྱོགས་བསྒྲུབ་ཚུགས་པའི་ རེ་བ་བསྐྱེད་ཅི།
འདི་བཟུམ་གྱི་ མ་འོངས་ཡུན་བརྟན་གྱི་ ལས་འགུལ་ཚུ་ག་ར་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ལས་ འཁྲུངས་འཁྲུངསམ་ཅིག་འབད་ནི་དེ་གིས་ རྒྱལ་ཁབ་དང་ གཞུང་ མི་སེར་ག་ར་ རང་མགོ་རང་འདྲོངས་བཟོ་ཚུགས་པའི་ ལས་འགུལ་མེད་ཐབས་མེདཔ་ཅིག་ཨིན།
ཨིན་རུང་ མ་འོངས་མངོན་གཟིགས་ཅན་གྱི་ དགོངས་གཏེར་དེ་ འགྲུབ་ཚུགསཔ་འབད་ནི་ལུ་ གཞུང་ལུ་ཕྱག་ཞབས་ཏོག་ཞུ་མི་ཚུ་གིས་ ལྷག་བསམ་རྣམ་དག་གི་སྒོ་ལས་ འབད་དགོཔ་དེ་ ག་ནི་བ་གལ་ཆེཝ་སྦེ་ གནས་ཏེ་འདུག།
དེ་འབདཝ་ད་ ཆུ་མ་འོང་གོང་ལས་གཡུར་བ་དང་ ནད་མ་འོང་གོང་ལས་རིམ་གྲོ་ཟེར་བའི་ དཔེ་དོན་སླབ་སྲོལ་ཡོད་དོ་བཟུམ་སྦེ་ དབང་ཚད་ཅན་གྱི་ ཕྱག་འགན་བཞེས་མི་ཚུ་གིས་ མ་དངུལ་ དུང་ཕྱུར་བརྒྱ་ལས་བཅད་དེ་ ཟད་འགྲོ་གཏང་དགོ་པའི་ལས་རིམ་ཚུ་ནང་ དབྱེ་ཞིབ་དང་ ལྟ་རྟོག་ ཞིབ་འཚོལ་ཚུ་ མཐིལ་ཕྱིན་འབད་དེ་ ལཱ་འགོ་བརྩམ་དགོཔ་ཅིག་ཨིན་རུང་ ད་རེས་ནངས་པའི་མཐོང་གསལ་ལུ་ ཆུ་དང་ཉ་གཉིས་གཅིག་ཁར་འབྲེལ་ནི་མེན་པར་ ཤིང་དང་ཤ་མུ་གཉིས་གཅིག་ཁར་ རུལ་དོ་བཟུམ་སྦེ་ འཐུས་ཤོར་བྱུང་དོ་ཡོད་པའི་ གསལ་སྟོན་འབདཝ་མས།
འདི་ཚུ་ག་ར་ ཧེ་མ་ ངན་ལྷད་ཀྱི་བསྲེ་ཞུགས་ཏེ་ རྒྱལ་ཁབ་ལུ་ གཅེས་སྐྱོང་དང་ ཤ་ཞེན་མ་བསྐྱེད་པར་ མི་ངོ་རེ་གཉིས་ཀྱི་ ངོ་སོ་ལུ་བལྟ་སྟེ་ ལཱ་ཚུ་ག་ཅི་ར་འབད་རུང་ ཧ་ལམ་ ཡ་མེད་ཐོག་བཞག་སྟེ་ རང་གི་ཁེ་གྱོང་རྐྱངམ་གཅིག་ལུ་ དམིགས་གཏད་བསྐྱེད་དོ་ཡོད་པའི་ དྲན་སྣང་བྱུངམ་མས།
འདི་བཟུམ་གྱི་ ཕྱག་ལཱ་མང་སུ་འབད་བའི་བསྒང་ལས་ མ་འོངས་པའི་མི་རྒྱུད་ཚུ་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་བཟང་པོ་དེ་ རྩིས་སྤྲོད་འབད་ཚུགས་ནི་ལུ་ཡང་ དོགས་ཟོན་བསྐྱེད་དགོཔ་འདུག།
གལ་སྲིད་ གློག་མེ་ལས་འགུལ་དེ་ སྔོན་གོང་ལས་ སའི་ཆགས་ཚུལ་དང་ ས་ཁྲ་ སའི་གནས་སྟངས་ཚུ་ ལེགས་ཤོམ་སྦེ་ བརྟག་ཞིབ་འབད་བ་ཅིན་ ད་རེས་ དུས་ཚོད་འ་ནེམ་གཅིག་ཁར་ ང་བཅས་འབྲུག་པའི་མི་སེར་ཚུ་ སྤུ་ན་གཙང་ཆུ་ དང་པ་དང་གཉིས་པའི་ གློག་མེ་འཕྲུལ་ཁང་ལུ་བརྟེན་ སེམས་བག་ཆགས་ཏོག་ཏོ་སྦེ་ ལོངས་སྤྱོད་ནིའི་གོ་སྐབས་ཅིག་ཨིན་རུང་ བུ་ལོན་གྱི་ལོ་རྒྱུས་སླབ་སྟེ་ ག་ར་ཚ་གྱང་གི་ གཞི་གནད་ཅིག་ལུ་གྱུར་སྡོད་ནུག།
དེ་འབདཝ་ལས་ མ་འོངས་འབྱུང་འགྱུར་གྱི་ ལས་འགུལ་ཚུ་ཡང་ ད་ལྟོའི་གནས་སྟངས་ལུ་ དྲན་ཤེས་བསྐྱེད་དེ་ རྒྱལ་ཁབ་དང་ མི་སེར་ལུ་ བརྡབ་གསིག་རྐྱབ་ནི་མེད་པའི་ ཕྱག་ལཱ་མཛད་དགོཔ་འདུག།

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *