འཛུལ་སྒོ་ཚུ་ སྒོ་བསྡམས་མི་དེ་གིས་ ནད་ཡམས་སྔོན་འགོག་འབད་ཚུགས་ནི།

༉ འབྲུག་གིས་ ཕྱོགས་བཞི་མཚམས་བཞི་ལུ་ཡོད་མི་ འཛུལ་སྒོ་ཚུ་ཆ་མཉམ་ར་ སྒོ་བསྡམས་བཞག་མི་ལུ་བརྟེན་ རྒྱལ་ཁབ་ནང་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཀྱི་ འདྲོག་འཇིགས་དང་ སྤྱགས་སྡུག་འཐབ་མི་དེ་ དུམ་གྲ་ཅིག་ ཞི་ཐབས་འབད་ཚུགས་པའི་ མངོན་གསལ་བྱུངམ་ཨིན་མས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ འཛུལ་སྒོ་ཚུ་ སྒོ་མ་བསྡམ་པའི་ཧེ་མར་ རྒྱལ་ཁབ་ཕྱི་ནང་མེད་པའི་མི་ཚུ་ ས་མཚམས་བརྒྱུད་དེ་ ཕར་ཚུར་རྒྱུན་འགྲུལ་འཐབ་པའི་སྐབས་ ང་བཅས་ར་ མིག་གིས་མ་མཐོང་པའི་ ནད་འབུབ་དེ་ གཅིག་ལས་གཅིག་ལུ་ ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་སྦོམ་ཡོད་ནི་དེ་གིས་ཨིན།
ལྷག་པར་དུ་ ལུང་ཕྱོགས་ནང་མ་ཚད་ ཁྱིམ་ཚང་རྒྱལ་ཁབ་ཚུ་ནང་ ཉིན་བསྟར་བཞིན་དུ་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཐོབ་མི་ ཡར་སེང་འགྱོ་བའི་ འདྲོག་བྱེལ་འཐབ་མི་དང་བསྟུན་ གཞུང་གིས་ ས་མཚམས་སྒོ་བསྡམ་ནིའི་ གྲོས་ཐག་བཅད་མི་དེ་ ནད་ཡམས་སྔོན་འགོག་དོན་ལུ་ དུས་ཐོག་གི་ ཐབས་བྱུས་ལེགས་ལྡན་ཅིག་ཨིན་མས།
འཛམ་གླིང་རྒྱལ་ཁབ་གཞན་ཚུ་ནང་ཡང་ ནད་འབུབ་གདུག་ཅན་དེ་ སྔོན་འགོག་འབད་ནི་དང་ ཚད་འཛིན་འབད་ནིའི་ ཐབས་ལམ་དྲག་ཤོས་དེ་ར་ མི་ཚུ་རྒྱུན་འགྲུལ་འཐབ་མ་ཆོག་པའི་ བཀག་དམ་འབད་མི་དེ་ཨིནམ་ལས་ ལག་ལེན་སྒྲིང་སྒྲི་འཐབ་སྟེ་འདུག།
རྒྱལ་ཁབ་ནང་ ནད་ཡམས་འདི་ འགོ་དང་པ་ཐོནམ་ལས་ཚུར་ ད་ལྟོ་ཚུན་ གདོང་ལེན་སྦོམ་ཤོས་དེ་ར་ རང་སོའི་ཁྱིམ་ནང་ ཟུར་བཞག་མི་ དོགས་པ་ཅན་ཚུ་གིས་ སྒྲིག་གཞི་ལུ་གནས་མ་བཏུབ་པར་ ཕྱི་ཁར་ཐོན་འགྱོ་མི་དེ་ཨིནམ་ད་ རྒྱལ་ཁབ་གཞན་ཚུ་ནང་ཡང་ འདི་བཟུམ་མའི་ དཀའ་ངལ་བྱུང་ནུག།
རྒྱལ་ཁབ་ཕྱི་ལས་འོང་མི་ཚུ་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་དེ་ཡོད་མི་ ཟུར་བཞག་ལྟེ་བ་ཚུ་ནང་ བཙུགས་བཞག་ནི་དེ་ ནད་ཡམས་ཁྱབ་སྤེལ་འགྱོ་ནིའི་ཉེན་ཁ་ མར་ཕབ་འབད་ནིའི་ གདམ་ཁ་དྲག་ཤོས་ཅིག་ཨིན་མས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ནད་ཡམས་དེ་གིས་ རྒྱལ་ཁབ་༡༨༦ ནང་ གནོད་སྐྱོན་རྐྱབ་སྟེ་ཡོདཔ་ལས་ གསོ་བའི་བསླབ་བྱ་དང་ མགྲོན་སྐྱོང་སྒྲིག་གཞི་ཚུ་ལུ་ ཚུལ་མཐུན་མ་གནས་པ་ཅིན་ ལྷག་པར་དུ་ ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་སྦོམ་འདུག།
འབྲུག་གིས་ ད་ལྟོ་ཚུན་ དཔེ་ཚད་༥༠༠ དེ་ཅིག་ བརྟག་དཔྱད་འབད་ཡོདཔ་བཞིན་དུ་ མི་༢,༠༠༠ དེ་ཅིག་ མཐུན་རྐྱེན་ཡོད་པའི་ ཟུར་བཞག་ལྟེ་བ་ཚུ་ནང་ བཞག་ཡོདཔ་མ་ཚད་ རང་སོའི་ཁྱིམ་ནང་ མི་༢༩༩ ཟུར་བཞག་ནུག།
ཕྱི་ལས་འོང་མི་ འབྲུག་མི་ཚུ་ ངེས་པར་དུ་ བདུན་ཕྲག་༢ ཀྱི་རིང་ ཟུར་བཞག་ལྟེ་བ་ཚུ་ནང་ སྡོད་བཅུག་མི་དེ་ཡང་ ནད་འབུབ་ཐོབ་མ་ཐོབ་ཀྱི་ བརྟག་དཔྱད་འབད་ནི་དང་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ མར་ཕབ་འབད་ནིའི་དོན་ལུ་ཨིན་མས།
མཐུན་རྐྱེན་ཡོད་པའི་ ཟུར་བཞག་ལྟེ་བ་ཚུ་ནང་ ཞབས་ཏོག་ལེགས་ཤོམ་ཡོད་པའི་ བསམ་ལན་བཀོད་མི་དང་བསྟུན་ དམིགས་བསལ་གྱི་ གསོ་བའི་གནད་དོན་ཡོད་མི་ཚུ་མ་གཏོགས་ གཞན་རྒས་གཞོན་མེདཔ་ ཆ་མཉམ་ར་ དེ་ནང་བཞག་ནི་ འགོ་བཙུགས་ནུག།
རྒྱལ་ཁབ་ནང་ ནད་ཡམས་གདུག་ཅན་གྱི་ ཚབས་ཆེན་གནས་སྟངས་བྱུང་བའི་དུས་ཚོད་ལུ་ ག་ར་འབད་རུང་ རང་སོའི་ཁ་གསལ་ཚུ་ སྦ་གསང་མེད་པར་ དྲང་བདེན་སླབ་པ་ཅིན་ གཞུང་གིས་འབད་རུང་ དམིགས་བསལ་ཐོག་ལས་ འཕྲོད་བསྟེན་བདག་འཛིན་འབད་ཚུགས་པའི་ གོ་སྐབས་འདུག།
རྒྱལ་ཡོངས་ལུ་ གློ་བུར་ཉེན་འཚུབས་བྱུངམ་ད་ ཚུལ་མཐུན་ངོས་ལེན་འབད་མ་བཏུབ་མི་རེ་ འཐོན་པ་ཅིན་ གཞུང་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མ་དང་འཁྲིལ་ ཡངས་ཆག་མེད་པར་ ངོས་ལེན་འབད་ནི་ཨིན་པའི་ གྲོས་ཐག་བཅད་ཡོདཔ་ལས་ དྲན་ཤེས་བཏོན་དགོཔ་འདུག།

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *