ཡ་རག་ལ་མི་སྡེ་སློབ་གྲའི་ སློབ་ཕྲུག་ཚུ།

འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ མཐུན་རྐྱེན་བཏོག་མི་གིས་ གདོང་ལེན་འབྱུང་ནི།

༉ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ ད་ཚུན་ ཡ་རག་ལ་མི་སྡེ་སློབ་གྲའི་ སློབ་ཕྲུག་ཚུ་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ དྲོ་པ་དང་ ཉིན་མའི་ལྟོ་དང་ འབྲུག་གཞུང་གིས་ ཚོད་བསྲེ་གི་ འཐུས་བྱིན་ཏེ་ཡོད་མི་དེ་ སང་ཕོད་ལས་ མི་བྱིན་ནི་སྦེ་ ཐག་བཅད་མི་ལུ་བརྟེན་ མི་སེར་ཚུ་ ཚ་གྱང་ལང་སྟེ་འདུག།
མི་སྡེ་སློབ་གྲྭ་དེ་ མོང་སྒར་རྫོང་ཁག་ འགྱུར་མེད་རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༡༠ དེ་ཅིག་གི་ས་གནས་ པོག་ཏོ་ཅིག་གུ་ལུ་ ཆགས་ཡོད་པའི་ཁར་ སློབ་གྲྭའི་མཐའ་སྐོར་ཏེ་ གཡུས་ཚན་ཡོདཔ་མ་ཚད་ གོང་རི་ཆུ་དེ་ ཀི་ལོ་མི་ཊར་༡༥ དེ་ཅིག་གི་ ས་ཁར་ཡོདཔ་ཨིན་པས།
མི་སྡེ་སློབ་གྲྭ་འདི་ལུ་བརྟེན་ ཡ་རག་ལ་སྤྱི་འོག་གི་ མི་སེར་སོ་ནམ་པ་ཚུ་ལུ་ ཁེ་ཕན་སྦོམ་བྱུང་མི་དེ་ སོ་ནམ་པའི་ཨ་ལོ་ཚུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ ལོ་བསྟར་བཞིན་དུ་ བཞེས་སྒོའི་འཐུས་ཚུ་ བྱིན་ནི་དེ་གིས་ཨིན་པས།
ད་ལྟོ་ སློབ་གྲྭ་ནང་ གཏན་འཇགས་ཀྱི་སློབ་དཔོན་༡ དང་ གནས་སྐབས་ཀྱི་སློབ་དཔོན་༡ སློབ་དཔོན་༢ ཡོདཔ་ད་ བློ་གསར་སློབ་རིམ་ལས་ སློབ་རིམ་༣ པ་ཚུན་ སློབ་ཕྲུག་༡༦ ཡོད་མི་ཚུ་ཡང་ བློ་གསར་སློབ་རིམ་ནང་ བུཚ་༡ དང་བུམོ་༢ སློབ་རིམ་དང་ པའི་ནང་ བུཚ་༢ དང་བུམོ་༥ སློབ་རིམ་༢ པའི་ནང་ བུཚ་༡ དང་བུམོ་༡ དེ་ལས་ སློབ་རིམ་༣ པའི་ནང་ བུཚ་༣ དང་བུམོ་༡ བསྡོམས་ཀྱི་བུམོ་༩ དང་བུཚ་༧ ཡོདཔ་ཨིན་པས།
སློབ་དཔོན་ཀརྨ་བཀྲིས་ཀྱིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་གི་དོན་ལས་ འཛམ་གླིང་བཟའ་སྤྱོད་ལས་རིམ་ལས་ ཆུམ་དང་ མར་ཁུ་ བོད་སྲནམ་ དེ་ལས་ དཱལ་ཚུ་བྱིན་པའི་ཁར་ འབྲུག་གཞུང་ལས་ ཚོད་བསྲེ་གི་འཐུས་ སློབ་ཕྲུག་རེ་ལུ་ དངུལ་ཀྲམ་༣༠༠ རེ་ གནང་སྟེ་ཡོད་ཟེར་ཨིན་པས།
ཨིན་རུང་ མ་དངུལ་དེ་གིས་ ལང་མི་ཚུགས་དོ་ཡོདཔ་ལས་ སློབ་ཕྲུག་ཚུ་གི་ཕམ་ཚུ་ལས་ བདུན་རིམ་བཞིན་དུ་ ཚོད་བསྲེ་ཚུ་ བསྡུ་ ལེན་འབད་ཞིནམ་ད་ སློབ་ཕྲུག་ཚུ་ལུ་ བྱིན་དོ་ཟེར་ཨིན་པས།
ཀརྨ་བཀྲིས་དང་འཁྲིལ་བ་ཅིན་ སྤྱི་འོག་གི་མི་སེར་ཚུ་ འཚོ་བ་གཙོ་བོ་གེ་ཟ་ལུ་བརྟེན་ སྡོད་མི་ཅིག་འབདཝ་ལས་ སློབ་ཕྲུག་ཚུ་ལུ་ མཐའ་སྐྱོང་འབད་ནི་ལུ་ གདོང་ལེན་སྦོམ་འདུག་ཟེར་ཨིན་པས།
སློབ་རིམ་༣ པ་ལས་ སྐྱེས་ལོ་༩ ལང་མི་ རིན་ཆེན་བཟང་མོ་གིས་ སླབ་མིའི་ནང་ མོ་གིས་ མཐོ་རིམ་སློབ་གྲྭ་མཇུག་བསྡུ་ཞིནམ་ལས་ མ་འོངས་པའི་ནང་ གཞུང་ལུ་ ཕྱག་ཕྱིད་གང་དྲག་ཞུ་ནི་ཟེར་ཨིན་པས།
སློབ་རིམ་༡ པའི་ སློབ་ཕྲུག་ སངས་རྒྱས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ མོ་ར་ ཕམ་ཉམ་ཆུང་གི་བུ་གཞི་ཅིག་འབདཝ་ལས་ གཞུང་ གིས་ གོ་སྐབས་གནངམ་ད་ དཔེ་ཆ་རྩ་འགེངས་ལྷབ་སྟེ་ དྲུང་འཚོ་འབད་ཐོག་ལས་ ཞབས་ཏོག་ཞུ་ནིའི་རེ་བ་ ཡོད་ཟེར་ཨིན་པས།
སློབ་རིམ་༣ པ་ལས་ སྐྱེས་ལོ་༨ ལང་མི་ ལེགས་སྐྱིད་དབང་ཕྱུག་གིས་ སློབ་རིམ་༡༢ པ་ཚུན་ སློབ་སྦྱོང་འབད་ཞིནམ་ལས་ རྒྱལ་ཁབ་ནང་ ལཱ་གཡོག་གི་ དཀའ་ངལ་ཡོདཔ་ལས་ སོ་ནམ་པ་སྦེ་ ཕམ་དང་ སྤུན་ཆ་ཚུ་ལུ་ ཕྱག་ཞུ་ནིའི་རེ་བ་ཡོད་ཟེར་ཨིན་པས།
ཡུ་ད་རི་སྤྱི་འོག་གི་ ཚོགས་པ་ སངས་རྒྱས་རིན་ཆེན་གྱིས་ སླབ་མིའི་ནང་ འབྲུག་གཞུང་གི་ བཀྲིན་ལུ་བརྟེན་ སློབ་ཕྲུག་ཚུ་ རིན་མེད་ སྟོང་པར་སྦེ་ ཆོས་ཡོན་ཏན་ཐོབ་ཡོདཔ་མ་ཚད་ བཟའ་འཐུང་དང་ སློབ་ཁང་ཚུ་ཡང་ གནང་ཡོདཔ་ཨིན་རུང་ སང་ཕོད་ལས་ འཛམ་གླིང་ བཟའ་སྤྱོད་ལས་རིམ་ལས་ ཐོབ་མི་ ཆུམ་དང་ མར་ཁུ་ དེ་ལས་ སྲནམ་ཚུ་ བཀག་འཛིན་འབད་བ་ཅིན་ ང་བཅས་ཕམ་ཚུ་ལུ་ དཀའ་ངལ་སྦོམ་ར་ འབྱུང་ནི་མས་ཟེར་ཨིན་པས།
མི་སྡེ་སློབ་གྲྭ་ནང་ལས་ སློབ་རིམ་༣ པ་ མཐར་འཁྱོལ་བའི་ཤུལ་ འགྱུར་མེད་རྒེད་འོག་ལྟེ་བའི་སྦོ་ལོགས་ཁ་ཡོད་མི་ སློབ་གྲྭ་ཆུང་བའི་ནང་ བཏང་དོ་ཡོདཔ་ཨིན་པས།
སྤྱི་ལོ་༡༩༩༨ ལུ་ ཡ་རག་ལ་སྤྱི་འོག་གི་ མི་སེར་ཚུ་གིས་ སློབ་གྲྭའི་ཁང་མིག་དང་ སློབ་དབུ་འཛིན་གྱི་ཡིག་ཚང་ ཐབ་ཚང་ སློབ་དཔོན་ཚུ་གི་ ཁང་མིག་ཚུ་ བཟོ་སྐྲུན་འབད་ཡོད་རུང་ ལྕགས་ཤོག་དང་ གཞན་གཞི་རྟེན་མཐུན་རྐྱེན་ཚུ་ གཞུང་གིས་ རྒྱབ་སྐྱོར་གནང་ ཡོདཔ་ཨིན་པས།
སློབ་གྲྭ་གཞི་བཙུགས་འབད་ཞིནམ་ལས་འགོ་བཟུང་ ད་ལྟོ་ཚུན་ སློབ་དབུ་འཛིན་༧ སོར་ཡོདཔ་ད་ དབུ་འཛིན་ཀརྨ་བཀྲིས་ ཀྱིས་ སླབ་མིའི་ནང་ ལོ་དག་པ་ཅིག་གི་རིང་ མི་སྡེ་སློབ་གྲྭ་སྦེ་ གནས་ཚུགས་ནི་ཨིན་མི་དེ་ གུང་པ་༤༠ ལྷགཔ་ཅིག་ནང་ ཨ་ལོ་གསར་སྐྱེས་དང་ སློབ་གྲྭ་ནང་ བཙུགས་མི་ལེ་ཤ་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཨིན་རུང་ སློབ་ཁང་གི་ ཤིང་ཆས་ཚུ་ མེདཔ་ཐལ་ཡོདཔ་ལས་ སློབ་ཁང་ཚུ་ རམ་འགྱོ་ནི་གུ་ ཐུག་ཡོདཔ་ལས་ གཞུང་དང་ རྒེད་འོག་ དེ་ལས་ མི་སེར་མཉམ་རུབ་ཐོག་ལས་ སློབ་ཁང་ཚུ་ ཉམས་བཅོས་འབད་དགོཔ་འདུག་ཟེར་ཨིན་ པའི་གནས་ཚུལ།

ཡ་རག་ལ་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *