འབྲེལ་ཡོད་དབང་འཛིན་ཚུ་གིས་ ཁང་གླ་ཚད་འཛིན་འབད་དགོཔ།

༉ གཞུང་གཡོགཔ་ཚུ་གི་དངུལ་ཕོགས་ ཡར་སེང་རྐྱབ་ནིའི་དོན་ལུ་ གཞུང་གིས་ གྲོས་འཆར་ཚུ་ བཟོ་དོ་ཡོད་པའི་ ལོ་རྒྱུས་གོཝ་ཅིག་ ཁྱིམ་གྱི་ཇོ་བདག་ཚུ་གིས་ དེ་འཕྲོ་ལས་ ཁང་གླ་ཡར་སེང་རྐྱབ་ནི་མ་གཏོགས་ གཞུང་གཡོགཔ་ཚུ་གི་ ཟླ་རིམ་དངུལ་ཕོགས་ཀྱི་ ཐོབ་ཚད་དེ་ལུ་ རྩ་ལས་ར་ བརྟག་ཞིབ་མི་འབད་བས་ཟེར་ ཞུ་ནི།
ད་རེས་ནངས་པར་ རྒྱལ་ས་ཐིམ་ཕུག་ལུ་ སྤྱིར་བཏང་གཞུང་གཡོགཔ་ ཆུང་རིམ་སྡེ་ཚན་ནང་འབད་མི་ཚུ་ ཁོང་རའི་ ཟླ་རིམ་གྱི་དངུལ་ཕོགས་དང་ ཁྱིམ་གྱི་ཁང་གླ་དེ་ ཧ་ལམ་ འདྲན་འདྲ་འཚམས་ཅིག་གུ་ ལྷོད་ཡོད་པའི་ མཐོང་གསལ་བྱུངམ་མས་ཟེར་ ཞུ་ནི།
ཕྱི་ལས་བལྟ་བ་ཅིན་ གཞུང་གཡོགཔ་ཅིག་ཨིན་ཟེརཝ་ད་ རོགས་ཀྱི་གདོང་ཁར་ དཔའ་ཉམས་ཅན་སྦེ་ ཚོར་དོ་ཡོདཔ་ཨིན་རུང་ ནང་ན་ལས་ དཔྱད་བལྟ་བ་ཅིན་ ཟླ་རིམ་བཞིན་དུ་ཐོབ་པའི་ དངུལ་ཕོགས་དེ་གིས་ ཐ་ན་ རང་གི་བཟའ་ཚང་ འཚོ་སྐྱོང་འཐབ་ནིའི་ ཟད་འགྲོ་ཡང་ ལང་མ་ཚུགས་པར་ ཟླཝ་མ་རྫོགསཔ་ལས་ར་ དངུལ་ཕོགས་སྔོན་བྱིན་ལེན་ཏེ་ ཉམས་ཐག་པའི་གནས་སྟངས་ཐོག་ལུ་སྡོད་མི་ ཙང་ཙ་ཨིན་ཟེར་ ཞུ་ནི།
དེ་མ་ཚད་ རྒྱལ་ས་ཐིམ་ཕུག་ལུ་ གནས་སོར་ཕོག་པའི་བསྒང་ལས་ ག་ར་འབད་རུང་ རང་ལུ་ ཁྱིམ་མེད་ནི་དེ་གིས་ བྱ་ཐབས་མེད་པར་ སྒེར་གྱི་ཁྱིམ་ཚུ་ནང་ ཁང་གླར་སྡོད་དགོཔ་བྱུང་བའི་མཐའ་མར་ ཁྱིམ་གྱི་ཇོ་བདག་ཚུ་གིས་ འཕྲལ་འཕྲལ་སྦེ་ར་ ཁང་གླ་ཡར་སེང་རྐྱབ་མས་ཟེར་ ཞུ་ནི།
ཁྱིམ་གྱི་ ཇོ་བདག་ཚུ་གིས་འབད་རུང་ ཁང་གླར་སྡོད་མི་ཚུ་གི་ ཟླ་རིམ་འོང་འབབ་ལུ་ བལྟ་དགོཔ་མ་ཚད་ གཞུང་གིས་འབད་རུང་ འབྲུག་རྒྱལ་ཁབ་ཀྱི་ ཁང་གླའི་བཅའ་ཁྲིམས་ བརྩམས་བཞག་ནི་རྐྱངམ་གཅིག་མེན་པར་ ལྟ་རྟོག་སྒྲིང་སྒྲི་སྦེ་ མཛད་གནང་དགོཔ་འདུག་ཟེར་ཞུ་ནི།
ང་གིས་བལྟ་བ་ཅིན་ ཞབས་ཏོག་ལྷན་ཁག་གིས་ སྤྱི་ལོ་༢༠༠༤ ལུ་ འབྲུག་གི་ས་ཁྱིམ་གླར་སྤྱོད་བཅའ་ཁྲིམས་ བརྩམས་བཞག་པའི་ཤུལ་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ བཅའ་ཁྲིམས་དང་འཁྲིལ་ཏེ་ སྒྲིང་ཁྱིམ་གྱི་གནས་ཚད་དང་ ཁང་གླ་གི་ ཚད་གཞི་སྐོར་ལས་ ལྟ་རྟོག་དང་ ཞིབ་དཔྱད་འབད་དོ་ཡོད་པའི་ལོ་རྒྱུས་ མ་གོ་ཟེར་ ཞུ་ནི།
དེ་མ་ཚད་ ད་ལྟོ་ཚུན་ སྒྲིང་ཁྱིམ་ཚུ་གི་ ཇོ་བདག་ཕུད་རྡོག་ཅིག་ལུ་ཡང་ ས་ཁྱིམ་གླར་སྤྱོད་ཀྱི་ བཅའ་ཁྲིམས་ལས་འགལ་བའི་ རྩོད་བཤེར་དང་ ཉེས་ཆད་ཚུ་བཀལ་སར་ མཐོང་མ་མྱོང་ཟེར་ཞུ་ནི།
མ་གཞི་ བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ཐིམ་ཕུག་ལུ་ ད་ལྟོ་ ཟླ་རིམ་གྱི་ ཁང་གླ་སྤྲོད་མི་དང་ཕྱདཔ་ད་ ཉུང་སུ་ཅིག་ལས་ མི་ཕོག་ནི་མས་ཟེར་ ཞུ་ནི་ཨིན་མི་དེ་ཡང་ དང་པ་ ཁྱིམ་གྱི་གནས་ཚད་བལྟ་དགོ་པའི་ཁར་ གཉིས་པ་ཟེརཝ་ད་ ཁང་མིག་གི་ སྦོམ་ཆུང་དང་འཁྲིལ་ཏེ་ ཕིཊ་གྲུ་༤ རེའི་ཐོག་ལུ་ རྩིས་བཏོན་དགོཔ་ལས་ གངམ་མི་ཕོག་ནི་མས་ཟེར་ ཞུ་ནི།
སྒྲིང་ཁྱིམ་གྱི་ ཇོ་བདག་ཚུ་གིས་ ཁོང་རའི་ བློ་འདོད་ལྟར་དུ་ ཁང་གླ་ཡར་སེང་རྐྱབ་བཅུག་ནི་ཨིན་པ་ཅིན་ གཞུང་གིས་ ཟད་འགྲོ་སྦོམ་བཏང་སྟེ་ བཅའ་ཁྲིམས་བརྩམ་དགོཔ་ཅིག་ཡང་ མི་མཇལ་བས་ཟེར་ མནོཝ་མས།
དེ་འབདཝ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་འབད་རུང་ དངུལ་ཕོགས་ཡར་སེང་མ་རྐྱབ་པའི་ ཧེ་མ་ལས་ ཁང་གླ་ཡར་སེང་རྐྱབ་མི་བཅུག་ནིའི་དོན་ལུ་ ལྟ་རྟོག་དང་ བཀག་ཐབས་ཚུ་ མཛད་གནང་པ་ཅིན་ དམིགས་བསལ་དུ་ གཞུང་གཡོགཔ་ཆུང་རིམ་སྡེ་ཚན་ནང་ ལཱ་འབད་མི་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ ཞུ་ནི་ཨིན།

སྟོབས་རྒྱས།
ཐིམ་ཕུག་ ལྕང་ཟམ་ཏོག།

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *