འབྲུག་ཨོ་ལིམ་པིག་ཚོགས་ཆུང་གིས་ ཊོ་ཀི་ཡོ་ཨོ་ལིམ་པིག་༢༠༢༠ ཕར་འཕུད་རྐྱབ་མི་ལུ་རྒྱབ་སྐྱོར།

༉ འཛམ་གླིང་རྒྱལ་ཁབ་ཚུ་ནང་ ཀོ་རོ་ན་བའེ་རཱསི་ ནད་འབུབ་བདའ་ཟུན་པའི་ཤུལ་ལས་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་ཆུང་གིས་ ཇ་པཱན་གྱི་རྒྱལ་ས་ ཊོ་ཀི་ཡོ་ཨོ་ལིམ་པིག་༢༠༢༠ དང་ པེ་ར་ལིམ་པིག་རྩེད་རིགས་ཚུ་ ཤུལ་མའི་ལོ་ནང་ འགོ་འདྲེན་འཐབ་ནི་སྦེ་ ཕར་འགྱངས་འབད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༣ པའི་ཚེས་༢༤ ལུ་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་ཆུང་གི་ གཙོ་འཛིན་ཐོ་མཱས་བ་ཅི་དང་ ཇ་པཱན་གྱི་ བློན་ཆེན་ཤིན་ཟོ་ཨེ་བི་༢ ཀྱི་བར་ན་ བསྟུན་གྲོས་འབད་བའི་ཤུལ་ལུ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
འགོ་འདྲེན་འཐབ་མི་ ཚོགས་ཆུང་༢ ཀྱིས་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ ལས་རིམ་ཕར་འགྱངས་འབད་མི་དེ་ གཙོ་བོ་ར་ ནད་ཡམས་ཀོ་བིཌ་-༡༩ གི་ གནས་སྟངས་ལུ་བརྟེན་ཨིནམ་ད་ ལས་རིམ་དེ་ སྤྱི་ལོ་༢༠༢༡ གི་ གནམ་བྱཱར་ལུ་ འགོ་བཙུགས་ནི་ཟེར་ བཀོད་དེ་འདུག།
འབྲུག་ཨོ་ལིམ་པིག་ཚོགས་ཆུང་གི་ ཡོངས་ཁྱབ་དྲུང་ཆེན་ བསོད་ནམས་ཀརྨ་ཚེ་རིང་གིས་ ཊོ་ཀི་ཡོ་ཨོ་ལིམ་པིག་༢༠༢༠ གི་ ལས་རིམ་ཕར་འགྱངས་འབད་མི་ལུ་ རྒྱབ་སྐྱོར་ཡོདཔ་ད་ ལས་རིམ་ཕར་འགྱངས་འབད་མི་ཡང་ གཙོ་བོ་ར་ རྩེད་འགྲན་ནང་ བཅའ་མར་གཏོགས་མི་ཚུ་གི་ ཕན་ཐབས་ལུ་དམིགས་ཏེ་ཨིན་ཟེར་ བཤད་ཅི།
རྒྱལ་ཁབ་ནང་ ནད་འབུབ་བདའ་ཟུན་པའི་ཤུལ་ལས་ ཕྱིའི་རྒྱལ་ཁབ་ཚུ་ནང་ ཨོ་ལིམ་པིག་རྩེད་རིགས་ཀྱི་ ལས་རིམ་ཡོད་མི་ཚུ་ ཆ་མེད་བཏང་ཡོདཔ་མ་ཚད་ རྒྱལ་ཁབ་ནང་འཁོད་ཀྱི་ རྩེད་འགྲན་ཚུ་ཡང་ ཕར་འཕུད་རྐྱབ་སྟེ་ཡོད་ཟེར་ བསོད་ནམས་ཀརྨ་ཚེ་རིང་གིས་ བཤད་ཅི།
ཁོ་གིས་ སླབ་མིའི་ནང་ ཀརྨ་གི་ ཐོབ་སྐལ་ནང་མཐར་འཁྱོལ་རུང་ མདའ་རྩེཔ་སྦེ་ གདམ་འཐུ་འགྲུབ་ནིའི་དོན་ལུ་ ཚད་གཞི་ཚུ་ མ་ལང་པར་ཡོད་ཟེར་ཨིན་པས།
ཨོ་ལིམ་པིག་མདའ་རྩེཔ་ སྐྱེས་ལོ་༢༩ ལང་མི་ ཀརྨ་གིས་ སླབ་མིའི་ནང་ མོ་ར་ ཕྱིའི་རྒྱལ་ཁབ་ཚུ་ནང་ མདའ་རྩེད་ནང་འགྱོ་ནིའི་ གོ་སྐབས་ཐོབ་རུང་ ད་རེས་ ནད་ཡམས་ཐོན་པའི་དུས་ཚོད་ལུ་ རྩེད་འགྲན་བཀག་ཆ་འབད་མི་ལུ་ རྒྱབ་སྐྱོར་ཡོདཔ་ད་ བཅའ་མར་གཏོགས་ནིའི་གོ་སྐབས་ཚུ་ ཤུལ་ལས་ཡང་ ཡོད་ཟེར་ཨིན་པས།
ཀརྨ་གིས་ གླང་རྒྱུག་ཕར་ཁ་མདའ་རྩེད་ཐང་ནང་ མདའ་རྩེད་ཀྱི་ སྦྱང་བ་འབད་ནི་དེ་ཡང་ ནད་འབུབ་ལུ་བརྟེན་ ད་རེས་ ཁྱིམ་ནང་སྡོད་དོ་ཟེར་ཨིན་པས།
ཊོ་ཀི་ཡོ་༢༠༢༠ གི་རྩེད་འགྲན་ལས་རིམ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཨམ་སྲུ་གདམ་འཐུ་འབད་ནི་ལུ་ ཉུང་མཐའ་སྐུགས་༦༠༥ དགོཔ་ལས་ མོ་ར་ལས་རིམ་ནང་ གྲལ་གཏོགས་འབད་ནི་ལུ་ སྐུགས་མ་ལང་རུང་ བང་ལ་ཌིཤ་དང་ ཐའི་ལེནཌ་གི་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ཏེ་ སྐུགས་ཚད་ཚུ་ འཐོབ་ཚུགསཔ་འབད་ནིའི་ མནོ་བསམ་ཡོད་ཟེར་ ཀརྨ་གིས་ སླབ་ཨིན་པས།
ཀརྨ་གིས་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ ཨོ་ལིམ་པིག་མདའ་ཞུའི་ཐོག་ལས་ བེང་ཀོག་ལུ་ བཅའ་མར་གཏོགས་པའི་སྐབས་ ཊོ་ཀི་ཡོ་༢༠༢༠ གི་སྐུགས་ཚད་ནང་ མཐར་འཁྱོལ་ཡོདཔ་ཨིན་པས།
བི་བི་སི་གནས་ཚུལ་དང་འཁྲིལཝ་ད་ ཨོ་ལིམ་པིག་རྩེདམོ་དེ་ སྤྱི་ལོ་༡༨༩༦ ལས་ འགོ་བཙུགས་ཏེ་ མི་ལོ་༡༢༤ གི་རིང་ ལས་རིམ་ཚུ་ བཀག་མ་རྐྱབ་རུང་ སྤྱི་ལོ་༡༩༡༦ དང་༡༩༤༠ དེ་ལས་༡༩༤༤ གི་ལོ་ཚུ་ནང་ འཛམ་གླིང་དམག་འཁྲུག་ཐོན་པའི་སྐབས་ ཆ་མེད་བཏང་ནུག་ཟེར་ཨིན་པས།
ཨོ་ལིམ་པིག་མདའ་ཞུའི་ཐོག་ལས་ རྩེད་འགྲན་འབད་ནི་དེ་ སྤྱི་ལོ་༡༩༨༤ ལས་༢༠༡༦ ཚུན་ དམིགས་བསལ་གྱི་ གདམ་འཐུ་འབད་དེ་ ད་རེས་འབདཝ་ད་ བཅའ་མར་གཏོགས་ནིའི་གོ་སྐབས་ཚར་༩ ཐོབ་ཡོད་པའི་གནས་ཚུལ།

ཚེ་རིང་ནོར་བུ།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *