འབྲུག་ཨོ་ལིམ་པིག་གིས་ རྩེད་རིགས་ཀྱི་ གསོལ་རས་ཐོབ་ལམ་ བསྒྱུར་བཅོས་འབད་ཡོདཔ།

༉ འབྲུག་ལས་ རྒྱལ་སྤྱི་དང་ ལུང་ཕྱོགས་ཨེ་ཤི་ཡཱན་ ན་གཞོན་ཨོ་ལིམ་པིག་ རྩེད་རིགས་འགྲན་བསྡུར་ནང་ལས་ གསེར་དང་ དངུལ་ དེ་ལས་ ལི་གི་རྟགས་མ་ཐོབ་མི་ཚུ་ལུ་ འབྲུག་ཨོ་ལིམ་པིག་ཚོགས་སྡེ་གིས་ གསོལ་རས་ བྱིན་ནིའི་ལམ་ལུགས་ བསྒྱུར་བཅོས་འབད་ནུག།
འབྲུག་ཨོ་ལིམ་པིག་ཚོགས་སྡེའི་ ལས་རིམ་འགོ་དཔོན་ ཚེ་རིང་སྒྲོལ་མ་གིས་ སླབ་མིའི་ནང་ འབྲུག་པའི་ན་གཞོན་ཚུ་ སེམས་ཤུགས་བསྐྱེད་བཅུག་ནི་དང་ སྐུལ་མ་འབད་ཐབས་ལུ་ ཚོགས་སྡེ་གིས་ ཧེ་མའི་ལམ་ལུགས་དེ་ བསྒྱུར་བཅོས་འབད་ཡི་ཟེར་ཨིན་པས།
འགོ་དཔོན་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༤ ཟླ་༡༠ པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཚོགས་རིམ་༥༢ པའི་ གྲོས་འདེབས་དང་ ཚོགས་སྡེའི་བཀོད་ཁྱབ་བཀའ་རྒྱ་དང་འཁྲིལ་ ན་གཞོན་ཁྱད་འཕགས་ཐོན་མི་ཚུ་ལུ་ གསོལ་རས་ཚུ་ བྱིན་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ཟླ་༢ པའི་ནང་ སྤ་རོ་ལུ་འཚོགས་མི་ ཚོགས་ཆུང་གི་ བཀོད་ཁྱབ་ལྟར་དུ་ སྤྱི་ལོ་༢༠༡༩ ཟླ་༣ པའི་ནང་ བསྐྱར་ཞིབ་འབད་ཞིནམ་ལས་ ཟླ་༨ པའི་ནང་ ཞལ་འཛོམས་འཚོགས་ཏེ་ འཐོབ་ཐངས་གསོལ་རས་ཚུ་ ཆ་འཇོག་གྲུབ་ཅི་ཟེར་ཨིན་པས།
གྲོས་ཐག་བཅད་མིའི་སྙན་ཞུ་ཚུ་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ཏེ་ སྤྱི་ལོ་༢༠༡༩ ཟླ་༡༢ པའི་ནང་ གསུང་གྲོས་གནངམ་ད་ ཆ་འཇོག་མཛད་གནང་ཡི་ཟེར་ ལས་རིམ་འགོ་དཔོན་གྱིས་ བཤདཔ་ཨིན་པས།
གསོལ་རས་ཀྱི་ ལམ་ལུགས་དེ་ དབྱེ་ཁག་༣ སྦེ་བཟོ་སྟེ་ ཨང་དང་པ་ གསེར་གྱི་རྟགས་མ་ཐོབ་མི་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་ས་ཡ་༥ དང་ དངུལ་གྱི་རྟགས་མ་ཐོབ་མི་ལུ་ དངུལ་ཀྲམ་ས་ཡ་༤ དེ་ལས་ ལི་གི་རྟགས་མ་ཐོབ་མི་ལུ་ དངུལ་ཀྲམ་ས་ཡ་༣ འཐོབ་ནི་ཨིན་པས།
རྩེད་འགྲན་པའི་ སློབ་སྟོན་པ་ལུ་ ཨང་དང་པ་ཐོན་ཏེ་ གསེར་གྱི་རྟགས་མ་ཐོབ་པ་ཅིན་ འབྲུག་ཨོ་ལིམ་པིག་ཚོགས་སྡེ་ལས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༧༥༠,༠༠༠ དང་ དངུལ་གྱི་རྟགས་མ་ལུ་ དངུལ་ཀྲམ་༦༠༠,༠༠༠ དེ་ལས་ ལི་གི་རྟགས་མ་ལུ་ དངུལ་ཀྲམ་༤༥༠,༠༠༠ འཐོབ་ནི་ཨིན་པས།
དེ་བཟུམ་སྦེ་ སྡེ་ཚན་གྱི་ རྩེད་འགྲན་ནང་ལས་ ཨང་དང་པ་ལུ་ དངུལ་ཀྲམ་ས་ཡ་༣ དང་ དངུལ་གྱི་རྟགས་མ་ལུ་ དངུལ་ཀྲམ་ས་ཡ་༡.༥ དེ་ལས་ ལི་གི་རྟགས་མ་ལུ་ དངུལ་ཀྲམ་ས་ཡ་༡ འཐོབ་ནི་ཨིན་པས།
རྩེད་འགྲན་པའི་ སློབ་སྟོན་པ་ལུ་ ཨང་དང་པ་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༧༥༠,༠༠༠ དང་ དངུལ་གྱི་རྟགས་མ་ལུ་ དངུལ་ཀྲམ་༦༠༠,༠༠༠ དེ་ལས་ ལི་གི་རྟགས་མ་ལུ་ དངུལ་ཀྲམ་༤༥༠,༠༠༠ འཐོབ་ནི་ཨིན་པས།
དབྱེ་ཁག་༢ པ་དེ་ ཨེ་ཤི་ཡཱན་གྱི་ གནམ་བྱཱར་དང་ དགུན་གྱི་ རྩེད་འགྲན་དེ་ཨིནམ་ལས་ ན་གཞོན་ཨོ་ལིམ་པིག་རྩེད་རིགས་དང་ འཛམ་གླིང་མཚོའི་མཐའ་མ་རྩེད་འགྲན་འབད་མི་ལས་ ཨང་དང་པ་དང་ ༢ པ་ དེ་ལས་ ཨང་༣ པ་འཐོན་མི་ཚུ་གི་ གསོལ་རས་ཡང་ བསྒྱུར་བཅོས་འབད་ནུག།
དེ་ཡང་ ངོ་རྐྱང་གི་ གསེར་གྱི་རྟགས་མ་ཐོབ་མི་ལུ་ དངུལ་ཀྲམ་ས་ཡ་༣ དང་ དངུལ་གྱི་རྟགས་མ་ལུ་ དངུལ་ཀྲམ་ས་ཡ་༢ དེ་ལས་ ལི་གི་རྟགས་མ་ལུ་ དངུལ་ཀྲམ་ས་ཡ་༡ འཐོབ་ནི་ཨིན་པས།
སྡེ་ཚན་ནང་འབད་བ་ཅིན་ གསེར་གྱི་རྟགས་མ་ལུ་ དངུལ་ཀྲམ་ས་ཡ་༡༢.༥ དངུལ་གྱི་རྟགས་མ་ལུ་ དངུལ་ཀྲམ་ས་ཡ་༡ ལི་གི་རྟགས་མ་ལུ་ དངུལ་ཀྲམ་ས་ཡ་༧༥༠,༠༠༠ འཐོབ་ནི་ཨིན་པས།
དབྱེ་ཁག་༣ པ་དེ་ ལྷོ་ཨེ་ཤི་ཡཱན་རྩེད་རིགས་དང་ ཨེ་ཤི་ཡཱན་རྩེད་རིགས་ ཨེ་ཤི་ཡཱན་མཚོ་མཐའི་རྩེད་འགྲན་ ཨེ་ཤི་ཡཱན་ནང་འཁོད་རྩེད་རིགས་ ན་གཞོན་ཨེ་ཤི་ཡཱན་རྩེད་རིགས་ཚུ་ནང་ལས་ གསེར་གྱི་རྟགས་མ་ཐོབ་མི་ལུ་ དངུལ་ཀྲམ་༥༠༠,༠༠༠ དང་ དངུལ་གྱི་རྟགས་མ་ལུ་ དངུལ་ཀྲམ་༣༠༠,༠༠༠ དེ་ལས་ ལི་གི་རྟགས་མ་ལུ་ དངུལ་ཀྲམ་༡༠༠,༠༠༠ འཐོབ་ནི་ཨིན་པས།
སྡེ་ཚན་ནང་ གསེར་གྱི་རྟགས་མ་ལུ་ དངུལ་ཀྲམ་༢༠༠,༠༠༠ དང་ དངུལ་གྱི་རྟགས་མ་ལུ་ དངུལ་ཀྲམ་༡༠༠,༠༠༠ དེ་ལས་ ལི་གི་རྟགས་མ་ལུ་ དངུལ་ཀྲམ་༥༠,༠༠༠ འཐོབ་ནི་ཨིན་པས།
འབྲུག་ཨོ་ལིམ་པིག་ཚོགས་སྡེའི་ ལས་རིམ་འགོ་དཔོན་ ཚེ་རིང་སྒྲོལ་མ་གིས་ སླབ་མིའི་ནང་ བསྐྱར་ཞིབ་འབད་དེ་ བཟོ་མི་གསོལ་རས་འཐོབ་ཐངས་དེ་ འབྲུག་ཨོ་ལིམ་པིག་བརྒྱུད་དེ་ འཛམ་གླིང་དང་ ལྷོ་ཨེ་ཤི་ཡཱན་ དེ་ལས་ ཨེ་ཤི་ཡཱན་རྩེད་རིགས་ཚུ་ནང་ བཅའ་མར་གཏོགས་མི་རྐྱངམ་གཅིག་ལུ་ འཐོབ་ནི་མ་གཏོགས་ གཞན་ ཚོགས་པ་དང་ སྒེར་སྡེ་ཐོག་ལས་ བཅའ་མར་གཏོགས་མི་ཚུ་ལུ་ མི་ཐོབ་ཟེར་ཨིན་པས།
སྤྱི་ལོ་༢༠༡༩ ལོ་མཇུག་ལུ་ ནེ་པཱལ་རྒྱལ་ཁབ་ནང་སྦེ་ ལུང་ཕྱོགས་རྒྱལ་ཁབ་ཀྱི་ རྩེད་འགྲན་ནང་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྟགས་མ་ཐོབ་མི་ཚུ་ལུ་ བསྐྱར་བཟོ་འབད་མི་ ལམ་ལུགས་དང་འཁྲིལ་ འབྲུག་ཨོ་ལིམ་པིག་ཚོགས་སྡེ་གིས་ གསོལ་རས་ཚུ་ བྱིན་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *