འབྲུག་ལྟ་བཤལ་སྲིད་བྱུས་ འཕྲལ་མགྱོགས་ར་ ཆ་འཇོག་འབད་ནི།

༉ སྤྱི་ལོ་༡༩༧༠ ལས་ རྒྱལ་ཁབ་ནང་ ལྟ་བཤལ་འགོ་བཙུགས་ཏེ་ ལོ་༥༠ གི་ཤུལ་ལས་ ད་རེས་ ལྟ་བཤལ་གྱི་ སྲིད་བྱུས་ཅིག་ ཆ་འཇོག་འབད་ནི་གུ་ ལྷོད་དེ་ཡོདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ སླབ་མིའི་ནང་ འབྲུག་གི་ལྟ་བཤལ་སྲིད་བྱུས་ཟིན་བྲིས་༢༠༢༠ ཅན་མ་དེ་ སྤྱི་ཟླ་༧ པའི་ཚེས་༣ ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ བསྐྱར༌ཞིབ་འབད་ཚར་ཡོདཔ་བཞིན་དུ་ ལྷན་ཚོགས་ཀྱིས་ བསྐྱར་ཞིབ་ཡང་ འབད་ཚར་ཡོདཔ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་འཇོག་འབད་ནི་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྲིད་བྱུས་དེ་ ད་རེས་ཀྱི་ ཟླཝ་ནང་འཁོད་ལུ་ ཆ་འཇོག་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ སྲིད་བྱུས་ཆ་འཇོག་འབད་ནི་ལུ་ ཡུན་འགྱངས་ལུས་མི་དེ་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ ལྟ་བཤལ་དེ་ འོང་འབབ་འབོར་ཆེན་དང་ ལྟ་བཤལཔ་ཉུང་སུ་སྦེ་ འོང་བཅུག་ནི་གི་ སྲིད་བྱུས་ལུ་ གཞི་བཞག་སྟེ་ ལག་ལེན་འཐབ་ཡོདཔ་ཨིན་པས།
ནད་ཡམས་ཀོ་བིཌ་-༡༩ གི་ གནས་སྟངས་ལུ་བརྟེན་ ལྟ་བཤལ་གྱི་ སྲིད་བྱུས་ལུ བསྒྱུར་བཅོས་དང་ ཐོ་ཕོག་དོ་བཟུམ་མ་མཐོང་མི་དེ་ཡང་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་ སྤྱི་ལོ་༡༩༧༠ གྲངས་ལུ་ ཐུགས་ཀྱི་དགོངས་བཞེད་ འོང་འབབ་མང་སུ་དང་ གྱངས་ཁ་ཉུང་སུ་གི་ ལྟ་བཤལ་སྲིད་བྱུས་ལུ་ གཞི་བཞག་སྟེ་ ལག་ལེན་འཐབ་མི་ལུ་བརྟེན་ཨིན་པས།
ད་རེས་ ཀོ་རོ་ན་བའེ་རཱསི་ལུ་བརྟེན་ འཛམ་གླིང་ནང་ མི་སྤུངས་འཛོམས་འབད་མ་དགོ་པའི་ཁར་ ལྟ་བཤལ་གྱི་ ལས་སྣ་ཚད་ལས་བརྒལ་ འབད་མ་དགོ་པའི་ ལམ་ལུགས་ལུ་ བལྟ་དོ་ཡོདཔ་ཨིན་པས།
ད་ཚུན་ ལག་ལེན་འཐབ་བཞིན་དུ་ཡོད་མི་ ལྟ་བཤལ་སྲིད་བྱུས་དེ་ ད་རེས་ རྒྱལ་ཁབ་གཞན་ཚུ་གིས་ཡང་ དང་ལེན་གྱི་དོན་ལུ་ འཚོལ་ཞིབ་འབད་བའི་བསྒང་འདུག་ཟེར་ ཡོངས་ཁྱབ་མདོ་ཆེན་གྱིས་ བཤདཔ་ཨིན་པས།
སྲིད་བྱུས་ཀྱི་ དམིགས་ཡུལ་དེ་ཡང་ འབྲུག་རྒྱལ་ཁབ་ཀྱི་ ཐུན་མོང་མ་ཡིན་པའི་ ཁྱད་ཆོས་ཚུ་ མིང་གཏམ་ཡོངས་གྲགས་བཟོ་ནི་དང་ ལྟ་བཤལ་ཐོག་ལས་ རྒྱལ་ཡོངས་ཀྱི་ དཔལ་འབྱོར་དང་ གྲོང་གསེབ་ཀྱི་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ནི་ གཙུག་སྡེའི་མཉམ་འབྲེལ་སྒྲིང་སྒྲི་བཟོ་ནི་ དེ་ལས་ ལྟ་བཤལ་ཡུན་བརྟན་བཟོ་ཐབས་ལུ་ཨིན་པས།
སྲིད་བྱུས་ཀྱི་ ཟིན་བྲིས་དང་འཁྲིལཝ་ད་ ལྟ་བཤལ་ལུ་ མ་རྩ་བཙུགས་ནིའི་ སེམས་ཤུགས་བསྐྱེད་ཐབས་ལུ་ གཞུང་གིས་ ལྟ་བཤལ་ཚོང་འབྲེལ་གྱི་ གནས་སྟངས་ལེགས་ལྡན་བཟོ་ནི་དང་ ལྟ་བཤལ་གྱི་ གཞི་རྟེན་མཐུན་རྐྱེན་ཚུ་ བཟོ་སྐྲུན་འབད་ནིའི་དོན་ལས་ ས་ཆ་གླ་ཁར་གཏང་ནི་ལུ་ ལྷན་ཐབས་འབད་དགོཔ་ཨིན་པས།
ལྟ་བཤལ་དང་འབྲེལ་བའི་ མཐུན་རྐྱེན་ཚུ་ དོན་སྨིན་ཅན་ཅིག་སྦེ་ ཡར་དྲག་བཏང་སྟེ་ བརྒྱུད་འབྲེལ་ཞབས་ཏོག་ཚུ་ ལེགས་བཅོས་འབད་ནི་དང་ ལྟ་བཤལ་གྱི་ཚོང་འབྲེལ་ཡར་དྲག་གཏང་ནི་ཨིན་པས།
སྲིད་བྱུས་ནང་ ཧེ་མ་ རྒྱལ་ཁབ་ནང་ ལྟ་བཤལཔ་ཚུ་ དུས་ཚོད་དང་འཁྲིལ་ཏེ་ འོང་དོ་ཡོད་རུང་ ད་རེས་ དུས་ཚོད་དང་མ་འཁྲིལ་བར་ འོང་བཅུག་ནིའི་ ས་གོ་ཅིག་སྦེ་ གཞི་བཙུགས་འབད་ནི་ལུ་ གཞུང་གིས་ ལྟ་བཤལ་ལས་སྡེ་ཚུ་ལུ་ ངོས་འཛིན་དང་ ལྟ་བཤལ་ཐོན་སྐྱེད་དང་ ཞབས་ཏོག་ཚུ་ལུ་ རྒྱབ་སྐྱོར་འབད་དགོ་ཟེར་བཀོད་ནུག།
དེ་བཟུམ་སྦེ་ དུས་ཚོད་མེན་པའི་སྐབས་ ཚོང་འབྲེལ་ཐབས་ཤེས་ཚུ་ ལག་ལེན་འཐབ་སྟེ་ ལྟ་བཤལཔ་འོང་ནིའི་ དུས་ཚོད་ལུ་ ལྟ་བཤལ་པའི་ གྱངས་ཁ་ཡར་སེང་འབད་དགོཔ་བཞིན་དུ་ ལྟ་བཤལཔ་ཉུང་སུ་ཅིག་ལས་བརྒལ་ འོང་ནི་མེད་པའི་ ལུང་ཕྱོགས་ནང་ ལྟ་བཤལ་པའི་ ལས་སྣ་ཚུ་ དར་ཁྱབ་གཏང་ནི་གི་ ཐབས་ཤེས་ཚུ་ བཏོན་དགོ་ཟེར་ སྲིད་བྱུས་ནང་བཀོད་ནུག།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་ འབྲེལ་ཡོད་ལས་སྡེ་ ས་གནས་གཞུང་ཚུ་དང་ མཉམ་འབྲེལ་འབད་དེ་ ངོས་འཛིན་འབད་ཐོག་ལས་ ལྟ་བཤལཔ་ཉུང་སུ་འོང་མི་ ལུང་ཕྱོགས་དེ་གི་ ཐོན་སྐྱེད་དང་ ཞབས་ཏོག་ཚུ་ ཡར་དྲག་གཏང་དགོཔ་ཨིན་པས།
སྤྱི་ལོ་༢༠༡༩ ལུ་ རྒྱལ་ཁབ་ནང་ ལྟ་བཤལཔ་༣༡༥,༥༩༩ འོང་མི་གྲས་ལས་༧༢,༡༩༩ དེ་ ཉིན་བསྟར་ལྟ་བཤལ་སྤྱོད་འཐུས་ ཉུང་མཐའ་བྱིན་མི་ཚུ་ཨིནམ་ད་ ལྟ་བཤལཔ་༢༤༢,༩༤༧ དེ་ ཉིན་བསྟར་སྤྱོད་འཐུས་ཉུང་མཐའ་ མ་ཕོག་པའི་ རྒྱལ་ཁབ་ཀྱི་ མི་ཁུངས་ཚུ་ཨིན་པས།
སྤྱི་ཟླ་༣ པ་ལས་༥ པ་དང་ སྤྱི་ཟླ་༩ པ་ལས་༡༡ པ་ཚུན་ ཞག་གྲངས་རེ་ལུ་ ལྟ་བཤལཔ་རེ་ལས་ ཉིན་བསྟར་སྤྱོད་འཐུས་ཉུང་མཐའ་ ཡུ་ཨེསི་ཌོ་ལར་༢༥༠ རེ་ དང་ ཟླཝ་གཞན་ཚུ་ནང་འབད་བ་ཅིན་ ཡུ་ཨེསི་ཌོ་ལར་༢༠༠ རེ་ སྤྲོད་དགོཔ་ཨིན་རུང་ ཡུན་བརྟན་གོང་འཕེལ་གྱི་འཐུས་དེ་ དུས་ཚོད་༢ ཆ་རའི་ནང་ ཞག་གྲངས་རེ་ལུ་ མི་རེ་ལས་ ཡུ་ཨེསི་ཌོ་ལར་༦༥ རེ་ སྤྲོད་དོ་ཡོདཔ་ཨིན་པས།
ལྟ་བཤལ་ལས་སྡེ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ བརྒྱ་ཆ་༧ ལྷན་ཐབས་འབད་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *