འབྲུག་ལུ་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཐོབ་མི་༢༣ ལུ་ཡར་སེང་།

༉ མི་ཌཱིལ་ཨིསིཊ་ལུང་ཕྱོགས་ལས་ རྒྱལ་ཁབ་ནང་ ལོག་ལྷོད་མི་ སྐྱེས་ལོ་༢༨ དང་༣༠ ལང་མི་ ཨམ་སྲུ་༢ ལུ་ ཁ་ཙ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་ཡོད་པའི་ གྲུབ་འབྲས་ཐོནམ་ལས་ ནད་འབུབ་ཐོབ་མིའི་གྱངས་ཁ་༢༣ ལུ་ ལྷོད་དེ་ཡོད་ཟེར་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ གནས་ཚུལ་ཞལ་འཛོམས་ནང་བཤད་ཅི།

ནདཔ་༢ པོ་དེ་ཡང་ ཐིམ་ཕུག་ལུ་ ཟུར་བཞག་ནད་བརྟག་ཁང་ནང་ བཞག་མི་ལས་ཨིནམ་བཞིན་དུ་ ཁོང་གཉིས་ཆ་ར་ ཁ་ཙ་ཕྱི་རུ་ཁམས་ཅིག་ཁར་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ རྐྱང་གནས་ཟུར་བཞག་ཁང་ནང་ སྤོ་བཤུད་འབད་ཡོདཔ་ཨིན་པས།

འབྲུག་ལུ་ ཀོ་རོ་ན་བའེ་རཱསི་ཐོབ་མི་༢༣ ལས་༧ ཕོ་སྐྱེས་དང་༡༦ ཨམ་སྲུ་ཨིནམ་ད་ དེ་གི་ནང་ལས་ ནད་འབུབ་ཐོབ་མི་༡༨ དེ་ མི་ཌིལ་ཨིསིཊ་དང་༢ ཡུ་ཀེ་དང་༡ ཨེ་མི་རི་ཀ་ལས་ རྒྱལ་ཁབ་ནང་ ལོག་འོང་མི་ འབྲུག་མི་ཚུ་ཨིནམ་ད་ གཞན་༢ པོ་དེ་ ཨེ་མི་རི་ཀའི་ ལྟ་བཤལཔ་ཨིནམ་བཞིན་དུ་ ཁོང་གཉིས་ཆ་ར་ དྲག་ཡོདཔ་ཨིན་པས།

གསོ་བ་བློན་པོ་གིས་ སླབ་མིའི་ནང་ ནད་འབུབ་ཐོབ་མི་༢༣ ལས་ ཨམ་སྲུ་༣ དང་ཕོ་སྐྱེས་༣ ལུ་ ནད་འབུབ་མེདཔ་སྦེ་མངོན་གསལ་བྱུང་པའི་ཤུལ་ལས་ རྐྱང་གནས་ནད་བརྟག་ལས་བཏོན་ཏེ་ ད་རེས་ ཟུར་བཞག་ཁང་ནང་ ལྟ་རྟོག་གི་དོན་ལུ་བཞག་སྟེ་ཡོད་ཟེར་ཨིན་པས།

ནད་འབུབ་ཐོབ་མི་ ཨམ་སྲུ་༢ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ མི་ཌིལ་ཨིསིཊ་ལས་ རྒྱལ་ཁབ་ནང་ལྷོདཔ་ད་ བརྟག་དཔྱད་འབད་བའི་སྐབས་ ཀོ་བིཌ་-༡༩ གི་ནད་རྟགས་མེད་པའི་ གྲུབ་འབྲས་ཐོན་ཡོད་རུང་ བརྟག་དཔྱད་ཐེངས་༢ པ་འབདཝ་ད་ ནད་འབུབ་བདའ་ཟུན་ནུག་ཟེར་ བློན་པོ་བདེ་ཆེན་དབང་མོ་གིས་ བཤད་པའི་ཁར་ མ་གཞི་ ཨམ་སྲུ་ཅིག་ལུ་ ནད་འབུབ་ཡོད་པའི་རྟགས་མཚན་དེ་ ཧེ་མ་ལས་བཏོན་རུང་ བརྟག་དཔྱད་འབདཝ་ད་ ནད་འབུབ་མེདཔ་སྦེ་ ཐོན་ཡི་ཟེར་བཤད་ཅི།

ཁྱིམ་མཚེས་རྒྱལ་ཁབ་ རྒྱ་གར་གྱི་ གནས་སྟངས་ལུ་ བལྟ་བ་ཅིན་ ད་ལྟོ་ མི་འབུམ་ལྷགཔ་ཅིག་ལུ་ ནད་འབུབ་ཐོབ་མི་ལས་ མི་༣,༠༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་བཞིན་དུ་ ཉིནམ་༡ ནང་ར་ མི་༡༣༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་སྟེ་འདུག་ཟེར་ བློན་པོ་གིས་ བཤད་ཅི།

ད་ཚུན་ འབྲུག་མི་༡༤,༨༤༣ ལུ་ ཨར་ཊི་པི་སི་ཨར་ཐོག་ལུ་ བརྟག་དཔྱད་འབད་ཡོདཔ་མ་ཚད་ མི་༡༡,༠༠༠ ལྷགཔ་ཅིག་ལུ་ ཁྲག་གི་དཔེ་ཚད་ བརྟག་དཔྱད་འབད་ཡོདཔ་ད་ ཟུར་བཞག་ཁང་ཚུ་ནང་ བསྡོམས་ཀྱིས་མི་༦,༤༨༨ བཞག་མི་ལས་ ད་རེས་ ཕོ་སྐྱེས་༥༡༠ དང་ ཨམ་སྲུ་༣༥༣ འབདཝ་ད་ མི་༨༦༣ ལས་བརྒལ་མེདཔ་ཨིན་པས།

ས་མཚམས་ཁྲོམ་ཚུ་ནང་བརྟག་དཔྱད།

བློན་པོ་བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ རྫོང་ཁག་༢༠ ནང་ ཀོ་བིཌ་-༡༩ འཐོབ་ནིའི་ཉེན་ཁ་ཡོད་པའི་ ས་ཁོངས་དབྱེ་ཞིབ་འབད་བའི་སྐབས་ ག་ར་འདྲན་འདྲ་མིན་འདུག་ཟེར་ཨིནམ་ད་ དེ་ཡང་ ས་མཚམས་ཁར་ཕོག་མི་ གཡུས་ཚན་དང་ ཁྲོམ་ཚུ་ནང་ ཉེན་ཁ་ཆེཝ་ལས་ ལྷན་ཁག་གིས་ སྒྲིག་གཞི་བརྩམས་མི་དེ་ བསྟར་སྤྱོད་འབད་དོ་ཟེར་ཨིན་པས།

ས་མཚམས་ཁར་སྡོད་མི་ཚུ་གིས་ ནམ་ར་འབད་རུང་ ཁ་རས་སྤུབ་དགོ་པའི་ཁར་ རྒན་རྒས་དང་ ནད་གཞི་ཡོད་མི་ ཨམ་སྲུ་ཨ་ལོ་སྐྱེ་ནི་ཡོད་མི་ དེ་ལས་ དབང་པོ་ལུ་ ཐོ་ཕོག་མི་ཚུ་ ཧེང་སྐལ་ར་ བདག་འཛིན་འབད་དགོཔ་ཨིན་ཟེར་ བློན་པོ་གིས་བཤད་ཅི།

བློན་པོ་གིས་ བཤདམིའི་ནང་ འབྲུག་མི་ཚུ་ལུ་ ནད་འབུབ་ཐོབ་རུང་ དྲག་དོ་ཡོདཔ་ལས་ ཉེན་ཁ་དེ་ཅིག་མེད་པའི་ཁར་ དྲག་མི་ཚུ་ཡང་ གཞོནམ་ཙང་ཙ་ཨིནམ་ད་ གལ་སྲིད་ ཧེ་མ་ལས་ ནད་གཞི་ཡོད་པའི་ རྒན་རྒས་ཅིག་ལུ་ ཀོ་བིཌ་-ཐོབ་པ་ཅིན་ ནད་ལས་དྲག་ནི་ལུ་ ལཱ་ཁག་ཁཏང་འོང་ཟེར་ བློན་པོ་གིས་ བཤད་་ཡོད་པའི་གནས་ཚུལ།

 

བཀྲིས་ཕུན་ཚོགས།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *