འབྲུག་པའི་སྡེ་ཚན་གྱིས་ གཱོལ་བཙུགས་པའི་ཤུལ་ལུ་ དགའ་སྤྲོའི་ཐོག་ལས་ རྒྱུག་འོང་པའི་བསྒང་།

འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་གྱིས་ བང་ལ་དེཤ་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ།

༉ ནེ་པཱལ་གྱི་རྒྱལ་ས་ ཀཐ་མཱན་གྲུ་ལུ་ ལྷོ་ཨེ་ཤི་ཡཱན་རྩེད་རིགས་འགྲན་བསྡུར་ཐེངས་༡༣ པ་ འགོ་འདྲེན་འཐབ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ཁ་ཙ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་གྱིས་ བང་ལ་དེཤ་སྡེ་ཚན་ལུ་ གཱོལ་༡ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།
འབྲུག་པའི་སྡེ་ཚན་གྱིས་ བར་མཚམས་ངལ་གསོ་མ་ལེན་པའི་ཧེ་མར་ བྱང་ཕྱད་ལུ་ གཱོལ་བཙུགས་ནིའི་ རྩ་འགེངས་ཡོད་རུང་ འབད་མ་ཚུགསཔ་ལས་ ངལ་མཚམས་ཀྱི་ཤུལ་ལས་ འབྲུག་གི་རྩེད་འགྲན་པ་ བཙན་སྐྱོགས་རྒྱལ་མཚན་གྱིས་ གཱོལ་བཙུགས་ཡི།
བཙན་སྐྱོགས་རྒྱལ་མཚན་གྱིས་ གཱོལ་བཙུགས་པའི་ཤུལ་ལུ་ བྱང་ཕྱད་ཀྱིས་ གཱོལ་བཙུགས་ནིའི་དོན་ལུ་ དོ་འགྲན་འབད་མ་ཚུགསཔ་ལས་ འབྲུག་གིས་ རྒྱལ་ཁ་ཐོབ་སྟེ་ སྐུགས་༣ ཐོབ་ཅི།
ད་རིས་ འབྲུག་གིས་ ནེ་པཱལ་སྡེ་ཚན་དང་ རྩེད་འགྲན་འབད་ནི་དང་ ཚེས་༥ ལུ་ མཱལ་དེབསི་ དེ་ལས་ ཚེས་༧ ལུ་ ཤྲི་ལངྐ་སྡེ་ཚན་དང་ རྩེད་འགྲན་འབད་ནིའི་ འཆར་རིམ་ཡོདཔ་ཨིན་པས།
འབྲུག་རྒྱལ་ཁབ་དང་ བཱང་ལ་དེཤ་ རྒྱ་གར་ མཱལ་དེབསི་ ནེ་པཱལ་ པ་ཀིསི་ཏཱན་ དེ་ལས་ ཤྲི་ལངྐ་རྒྱལ་ཁབ་༧ གྱི་བར་ན་ འགྲན་བསྡུར་འབད་དོ་ཡོདཔ་ད་ རྩེད་རིགས་འགྲན་བསྡུར་ཁག་༢༦ གི་དོན་ལུ་ མི་གྲངས་༢,༧༡༥ གིས་ བཅའ་མར་གཏོགསཔ་ཨིན་པས།
ཉིནམ་༡༠ གྱི་རིང་ འགོ་འདྲེན་འཐབ་ནི་ཨིན་མི་ ལྷོ་ཨེ་ཤི་ཡཱན་རྩེད་རིགས་འགྲན་བསྡུར་ཐེངས་༡༣ པ་དེ་ ནེ་པཱལ་རྒྱལ་ཁབ་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེ་ཡང་ འབྲུག་ལས་ མི་གྲངས་༡༡༦ དང་ བང་ལ་དེཤ་ལས་ མི་༤༧༠ རྒྱ་གར་ལས་ མི་༤༨༧ མཱལ་དེབསི་ལས་ མི་༢༡༦ ནེ་པཱལ་ལས་༥༩༦ པཱ་ཀིསི་ཏཱན་ལས་༢༦༦ དེ་ལས་ ཤྲི་ལངྐ་ལས་༥༦༤ གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
རྩེད་རིགས་ཚུ་ཡང་ མདའ་རྩེད་དང་ ལུས་རྩལ་ སྒྲོ་རྩེད་ བཱསི་ཀེཌ་བཱོལ་ མཛོག་ཁྱད་ ཀི་རི་ཀེཊ་ རྐང་འཁོར་ གཱོལཕ་ གྱི་ཁྱད་ སྐེ་བཤེད་ ལག་རྩལ་བོ་ལི་བཱོལ་ ཀ་བཱ་ཌི་ ཀ་ར་ཏི་ ཊེ་བཱལ་ཊེ་ནིསི་ ཆུ་རྩལ་ལ་སོགས་པའི་ རིགས་མ་འདྲཝ་༢༦ འདུག།
མ་གཞི་ རྩེདམོ་དེ་ དུས་ཅི་ སྤྱི་ཟླ་༣ པའི་ནང་ འགོ་བཙུགས་དགོཔ་ཨིན་རུང་ འཕྲུལ་རིག་དང་ ལཱ་འབད་དགོཔ་ལེ་ཤ་ཡོདཔ་ལས་ དུས་ཚོད་ཕར་འགྱངས་འབད་ཡོདཔ་ཨིན་པས།
ལྷོ་ཨེ་ཤི་ཡཱན་རྒྱལ་ཁབ་༨ ཀྱི་བར་ན་ རྩེད་འགྲན་འབད་ནིའི་སྲོལ་དེ་ འགོ་དང་པ་ར་ སྤྱི་ལོ་༡༩༨༤ ལུ་ ནེ་པཱལ་ལུ་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ཚུ་ནང་ རྩེད་རིགས་མ་འདྲཝ་ཡོད་མི་ཚུ་ གོང་འཕེལ་གཏང་ནི་དང་ མཐུན་ལམ་དམ་ཟབ་ བཞག་ནིའི་དོན་ལུ་ཨིན་པས།
རྩེད་རིགས་ཐེངས་༢ པ་དེ་ བང་ལ་དེཤ་ལུ་ སྤྱི་ལོ་༡༩༨༥ ལུ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ རྒྱ་གར་དང་ པཱ་ཀིསི་ཏཱན་ ཤྲི་ལངྐ་ དེ་ལས་ སྤྱི་ལོ་༢༠༡༦ ལུ་ རྒྱ་གར་ལུ་ འགོ་འདྲེན་འཐབ་ནུག།
སྤྱི་ལོ་༢༠༢༢ ལུ་ ཤྲི་ལངྐ་དང་ མཱལ་དེབསི་རྒྱལ་ཁབ་ནང་ འགོ་འདྲེན་འཐབ་ནིའི་ལས་རིམ་ཡོདཔ་ད་ ད་ལྟོ་ཚུན་ རྒྱལ་ཁབ་༨ ཀྱི་བར་ན་ རྩེད་འགྲན་འབད་མི་ལས་ དྲག་ཤོས་ཨང་དང་ རྒྱ་གར་རྒྱལ་ཁབ་ཀྱིས་ ཐོན་ཡོདཔ་ད་ ཨང་༢ པ་ པཱ་ཀིསི་ཏཱན་ ཨང་༣ པ་ཤྲི་ལངྐ་ ཨང་༤ པ་ ནེ་པཱལ་ ཨང་༥ པ་ བང་ལ་དེཤ་ ཨང་༦ པ་ཨཕ་ ག་ནིསི་ཏཱན་ ཨང་༧ པ་འབྲུག་ དེ་ལས་ མཇུག་ར་ མཱལ་དེབསི་ཡོདཔ་ཨིན་པས།
ད་རིས་ལས་འགོ་བཙུགས་ བཅའ་མར་གཏོགས་མི་ཚུ་གི་བར་ན་ རྩེད་རིགས་ཚུ་ ཉིནམ་༩ གི་རིང་ དོ་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *