འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་གི་དོན་ལུ་ མི་༣༡,༢༥༧ གྱིས་ ཞུ་ཡིག་བཙུགས་ཡོདཔ།

གནད་དོན་མ་འདྲཝ་ཚུ་ལུ་བརྟེན་ ཞུ་ཡིག་༧༤༦ ཕྱིར་བཏོན་འབད་ནུག།

༉ སྤྱི་ཟླ་༥ པའི་ཚེས་༢༨ ཀྱི་ ནང་འཁོད་ལུ་ སྐྱིད་སྡུག་གི་ ཞུ་ཡིག་བཙུགས་མི་༣༡,༢༥༧ ལས་ བརྒྱ་ཆ་༦༨ འབདཝ་ད་ ཞུ་ཡིག་༢༡,༡༩༥ དེ་ སྤྱི་ཟླ་༥ པའི་ནང་ བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༤ པའི་ཚེས་༡༥ ལུ་ ཞུ་ཡིག་༤,༦༡༥ ལྷོད་མི་དེ་ མཐོ་ཤོས་ཨིན་མི་དེ་ཡང་ འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་ འཛིན་གྲོལ་གྱི་ ཁྱབ་བསྒྲགས་འབད་དེ་ ཉིནམ་༢ པའི་ནང་ཨིན་པས།
སྤྱི་ཟླ་༤ པའི་ནང་ ཞུ་ཡིག་༢༡,༡༩༥ འབྱོར་མི་ལས་ བརྒྱ་ཆ་༧༨ ལྷགཔ་ཅིག་ བརྟག་ཞིབ་དང་ གནད་དོན་ལ་ལོ་ཅིག་ ས་ཁོངས་བརྟག་ཞིབ་འབད་བར་ སོང་བའི་སྐབས་ སྐྱིད་སྡུག་འཐོབ་ནི་གི་ འོས་འབབ་ཡོདཔ་ཨིན་རུང་ ཞུ་ཡིག་བཙུགས་མི་༣,༣༢༤ ལུ་ སྐྱིད་སྡུག་འཐོབ་ནིའི་ འོས་འབབ་མེདཔ་སྦེ་ མཐོང་ཡོདཔ་ད་ འགོ་དཔོན་ཚུ་གིས་ ཁོང་ཆ་ཁྱབ་ཡང་ གཞན་དང་ཕྱདཔ་ད་ གནས་སྟངས་ལེགས་ཤོམ་ཐོག་ལུ་ཡོདཔ་ལས་ སྐྱིད་སྡུག་མ་ཐོབ་ཟེར་ སེམས་ཤི་ནི་མི་འོང་ཟེར་ བཤདཔ་ཨིན་པས།
སྐྱིད་སྡུག་འཐོབ་ནི་གི་ འོས་འབབ་མེད་མི་ མང་ཤོས་ར་ ལཱ་གཡོག་བྱིན་མི་ཚུ་གིས་ ཁོང་རའི་ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་བྱིན་ནིའི་དོན་ལས་ ཞུ་ཡིག་བཙུགས་མི་ཚུ་ཡོདཔ་ད་ བརྟག་ཞིབ་འབད་བའི་སྐབས་ ལས་མི་ཁོང་ར་གིས་ ཞུ་ཡིག་བཙུགས་ཏེ་ སྐྱིད་སྡུག་ཐོབ་ཡོད་པའི་ མངོན་གསལ་བྱུང་ནུག།
འཚོ་བ་སྐྱོང་ནི་གི་ གདམ་ཁ་གཞན་དང་ ལཱ་གཡོག་ཐོབ་སྟེ་ གནས་སྟངས་ལེགས་ཤོམ་འགྱོ་མི་ དེ་ལས་ ཁོང་ལས་ལྷག་སྟེ་ སྐྱིད་སྡུག་གི་ དགོས་མཁོ་བྱུང་མི་ཚུ་ལུ་ བྱིན་ཐབས་ལུ་ ཞུ་ཡིག་བཙུགས་མི་༧༤༦ གིས་ ཕྱིར་བཏོན་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ནང་འཁོད་ལུ་ དངུལ་ཀྲམ་ས་ཡ་༡༦༣ དེ་ཅིག་ འཛིན་གྲོལ་འབད་ཡོད་མི་ཚུ་ཡང་ སྤྱི་ཟླ་༤ པའི་ནང་ ཞུ་ཡིག་བཙུགས་མི་ བརྒྱ་ཆ་༦༨ ཀྱི་དོན་ལུ་ཨིནམ་ད་ ཟླ་རིམ་སྐྱིད་སྡུག་དེ་ སྐྱིད་སྡུག་ངེས་ཏིག་ཕོག་མི་ལུ་ མཐོ་ཤོས་དངུལ་ཀྲམ་༡༢,༠༠༠ དང་ དམའ་ཤོས་དངུལ་ཀྲམ་༨,༠༠༠ སྦེ་ དབྱེ་ཁག་༢ བཟོ་སྟེ་ བྱིནམ་ཨིན་པས།
སྤྱི་ཟླ་༤ པའི་ནང་ སྐྱིད་སྡུག་གི་ ཞུ་ཡིག་བཙུགས་མི་ཚུ་གི་ སྐྱིད་སྡུག་མ་དངུལ་ཚུ་ འཛིན་གྲོལ་འབད་ཚར་ཞིནམ་ལས་ འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་སྡེ་ཚན་གྱིས་ ཨ་ལོ་རྒྱབ་སྐྱོར་ རྒུད་གསོའི་སྐྱིད་སྡུག་འཛིན་གྲོལ་འབད་ནི་ཨིནམ་ད་ ཨ་ལོ་རེ་གིས་ སྐྱིད་སྡུག་དངུལ་ཀྲམ་༨,༠༠༠ རེ་ འཐོབ་ནི་དང་ ཨ་ལོ་རྒྱབ་སྐྱོར་འབད་ནིའི་དོན་ལུ་ ཁ་སྐོང་དངུལ་ཀྲམ་ས་ཡ་༧ འཛིན་གྲོལ་འབད་ནུག།
ད་རེས་ སྡེ་ཚན་གྱིས་ སྤྱི་ཟླ་༥ པའི་ནང་ ཞུ་ཡིག་ལྷོད་མི་ཚུ་ བརྟག་ཞིབ་འབད་བའི་བསྒང་ཡོད་པའི་ཁར་ སྤྱི་ཟླ་༤ པའི་ནང་ ཞུ་ཡིག་ལྷོད་མི་ཚུ་གི་ སྐྱིད་སྡུག་འཛིན་གྲོལ་འབད་དོ་ཡོདཔ་ཨིན་པས།
སྡེ་ཚན་གྱིས་ སླབ་མིའི་ནང་ སྐྱིད་སྡུག་གི་དོན་ལུ་ ཞུ་ཡིག་བཙུགས་མི་ གསུམ་དཔྱ་༡ ལྟ་བཤལ་ལས་སྡེ་མེན་པའི་ ལས་སྡེ་གཞན་ཚུ་ལས་ཡོདཔ་ལས་ བདེན་དཔྱད་འབད་ནི་ལུ་ དུས་ཚོད་མངམ་འགོརཝ་མས་ཟེར་ཨིན་པས།
ལྟ་བཤལ་དང་ དེ་དང་འབྲེལ་བའི་ ལས་སྡེ་ཚུ་གི་ ཞུ་ཡིག་དང་ མ་དངུལ་འཛིན་གྲོལ་དེ་ སྤྱི་ཟླ་༥ པའི་བདུན་ཕྲག་དང་པའི་ནང་ མཇུག་བསྡུ་ཡོདཔ་བཞིན་དུ་ ལྷག་ལུས་ཚུ་ ས་ཁོངས་ནང་ འགྱོ་ཐོག་ལས་ བསྐྱར་ཞིབ་འབད་ནི་ཨིན་པས།
ས་ཁོངས་ནང་ བདེན་དཔྱད་འབད་མི་ལུ་བརྟེན་ ཐབས་ལམ་ལེགས་ཤོམ་ ཐོབ་ཡོདཔ་བཞིན་དུ་ གལ་སྲིད་ ས་ཁོངས་ནང་ལས་ཕར་ བརྟག་ཞིབ་འབད་བར་ མ་འགྱོ་བ་ཅིན་ ཞུ་ཡིག་བཙུགས་མི་ མང་ཤོས་ཀྱིས་ སྐྱིད་སྡུག་མ་ཐོབ་འོང་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་ རྒུད་གསོའི་སྐྱིད་སྡུག་གིས་ ཁྲོམ་སྡེ་ས་ཁོངས་ནང་ སྐྱིད་སྡུག་དགོས་མཁོ་ཡོད་མི་ཚུ་ལུ་ སྐྱིད་སྡུག་བྱིན་ནི་ལུ་ ལྷན་ཐབས་བྱུང་ཡོདཔ་ད་ དམིགས་བསལ་དུ་ ས་ཁོངས་ནང་ བདེན་དཔྱད་འབད་བའི་ ཆ་ཤས་ཅིག་སྦེ་ མི་སེར་རྒན་ཤོས་དང་ བཟའ་ཚང་མང་ཤོས་ཅིག་ རྒྱགས་སྐལ་དགོས་མཁོ་ཡོད་མི་ཚུ་ དེ་འཕྲོ་ལས་ ད་ལྟོ་འབད་བའི་བསྒང་ཡོད་མི་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གིས་ ཟས་བཅུད་བི་ཊ་མིན་དང་ ཟླཝ་༡ གི་ རྒྱགས་སྐལ་བསགས་བཞག་དགོ་པའི་ ལས་རིམ་ནང་བཙུགས་ཅི་ཟེར་ཨིན་པས།
འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་སྡེ་ཚན་གྱིས་ ཞུ་ཡིག་བཙུགས་མི་ཚུ་ཡང་ རྫོང་ཁག་ནང་ རྫོང་བདག་དང་ དྲང་དཔོན་ཚུ་གི་ རྒྱབ་སྐྱོར་ཐོག་ལས་ བདེན་དཔྱད་འབད་དོ་ཡོདཔ་ད་ གནས་སྟངས་ལ་ལོ་ཅིག་ འགོ་དཔོན་ཚུ་ མི་ཚུ་གི་ ཁྱིམ་ནང་ལས་ཕར་ བདེན་དཔྱད་འབད་བར་ འགྱོ་བའི་སྐབས་ ཞུ་ཡིག་བཙུགས་མི་ཚུ་གིས་ དཀའ་སྡུག་ལུ་བརྟེན་ ཚིག་ངན་ཚུ་ སླབ་དོ་ཡོདཔ་ཨིན་པས།
ཨིན་རུང་ འགོ་དཔོན་ཚུ་གི་ སྙིང་སྟོབས་དཔའ་མ་ཞུམ་པའི་ཁར་ བརྟག་ཞིབ་འབད་ནིའི་ བྱ་རིམ་ནང་ བར་ཆད་ག་ནི་ཡང་ མ་བྱུང་པར་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ ཞུ་ཡིག་བཙུགས་མི་ཚུ་ སྐྱིད་སྡུག་དགོས་མཁོ་ཅན་ཅིག་སྦེ་ བྱུང་ཡོད་པའི་ མངོན་གསལ་བྱུང་ནུག་ཟེར་ སྡེ་ཚན་གྱི་ འགོ་དཔོན་གཞན་ཅིག་གིས་ བཤདཔ་ཨིན་པས།
ཟ་ཁང་བཙུགས་མི་ཚུ་ལས་ བསམ་ལན་དང་ གྲོས་འཆར་ལྷོད་མི་དང་འཁྲིལ་ཏེ་ ལས་སྡེའི་ལས་བྱེདཔ་ཚུ་ལུ་ སྐྱིད་སྡུག་གི་ མ་དངུལ་འཛིན་གྲོལ་འབད་ནིའི་ ལམ་ལུགས་གསརཔ་ འགོ་བཙུགས་ཡོདཔ་ཨིན་པས།
ཟ་ཁང་དང་ ལྟ་བཤལ་ལག་ལེན་པ་ཚུ་གིས་ ལས་བྱེད་པའི་ མིང་ཐོ་དང་ གཞི་རྟེན་དངུལ་ཕོགས་ཚུ་ འབྲུག་ལྟ་བཤལ་ཚོགས་སྡེ་ལུ་ བྱིན་ཞིནམ་ལས་ ཚོགས་སྡེ་གིས་ ཁ་གསལ་ཚུ་ བདེན་དཔྱད་འབད་དེ་ ལྷག་པར་དུ་ ནན་ཞིབ་ཀྱི་དོན་ལུ་ འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་སྡེ་ཚན་ནང་ གཏང་ནི་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྙོགས་སེལ་ཡིག་ཚང་ནང་ སྐྱིད་སྡུག་གི་དོན་ལུ་ བརྒྱུད་འཕྲིན་གཏང་ནི་དེ་ མར་བབས་སོང་སྟེ་ཡོདཔ་ད་ ཞུ་ཡིག་བཙུགས་མི་༢༢༤ གི་ བརྒྱུད་འཕྲིན་ཨང་གྲངས་ཚུ་ འཛོལ་ཏེ་བྱིན་ཡོད་པའི་ཁར་ བརྒྱུད་འཕྲིན་བདའ་མ་ཟུན་པར་ བཞག་ཡོདཔ་ལས་ བརྟག་ཞིབ་འབད་མ་ཚུགསཔ་ཨིན་པས།
ཞུ་ཡིག་༣༡༡ ལུ་ ད་ལྟོ་ སྐྱིད་སྡུག་དགོས་མཁོ་ཅན་ཅིག་མེདཔ་ད་ གལ་སྲིད་ ཞུ་ཡིག་བཙུགས་མི་ཚུ་གི་ གནས་སྡུད་བསྒྱུར་བཅོས་འགྱོ་བ་ཅིན་ སྡེ་ཚན་གྱིས་ ལྟ་རྟོག་འབད་ནི་ཨིན་པས།
སྐྱིད་སྡུག་གི་ དགོས་མཁོ་ཡོད་མི་ཚུ་གིས་ སྐྱིད་སྡུག་འཕྲོ་མཐུད་དེ་ར་ སྤྱི་ཟླ་༦ པ་ཚུན་ འཐོབ་ནི་ཨིན་རུང་ འགོ་དཔོན་ཚུ་གིས་འབད་བ་ཅིན་ སྐྱིད་སྡུག་ཐོབ་མི་ཚུ་གིས་ ལཱ་གཡོག་ནང་ འཛུལ་ཞུགས་འབད་ནི་གི་ གོ་སྐབས་ལེན་གནང་ཟེར་ ཞུ་བ་འབད་ཡོདཔ་ཨིན་པས།
སྐྱིད་སྡུག་འཐོབ་མི་ ལ་ལོ་ཅིག་གིས་ ཁོང་ལཱ་གཡོག་ཐོབ་པའི་ཁར་ ཚོང་འབྲེལ་ཡར་དྲག་འགྱོ་དོ་ ཡོད་མི་ལུ་བརྟེན་ སྐྱིད་སྡུག་མ་དགོ་པའི་སྐོར་ལས་ བརྒྱུད་འཕྲིན་དང་ ཞུ་བ་འབད་མི་ཡང་ ཐོནམ་མས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་དེ་ ཀོ་བིཌ་-༡༩ ལུ་བརྟེན་ དཀའ་ངལ་བྱུང་མི་ཚུ་ལུ་ གནས་སྐབས་ཅིག་གི་ རྒུད་གསོ་སྦེ་ སྤྱི་ཟླ་༤ པའི་ཚེས་༡༤ ལས་ འགོ་བཙུགས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *