བོད་ལུ་བཏང་སྲོལ་ཡོད་པའི་དཔའ་མོ།

འབྲུག་རྒྱལ་ཁབ་ནང་ བོན་ལྷ་གསོལ་ནིའི་ལམ་སྲོལ་ ཤར་ཕྱོགས་ཁ་ཐུག་ལུ་ དར་ཁྱབ་སོང་བའི་ལོ་རྒྱུས།

༉ འབྲུག་རྒྱལ་ཁབ་ཀྱི་ མཐའ་ཟུར་གྱི་ གཡུས་སྒོ་ཚུ་ནང་ མིག་ནད་དང་ སོ་ན་ནི་ལ་སོགས་པའི་ རིམས་ནད་རེ་ བྱུང་པ་ཅིན་ གཡུས་སྒོ་ནང་གི་ གནས་བདག་གཞི་བདག་ཚུ་ལུ་ གསོལ་མཆོད་མ་ཕུལ་བའི་ རྟགས་མཚན་ཨིནམ་སྦེ་ ཡིད་ཆེས་བསྐྱེད་དེ་ སྨན་བཅོས་འབད་བར་ སྨན་ཁང་ནང་ འགྱོ་ནི་གི་ཚབ་ལུ་ དང་པ་ར་ གནས་བདག་གཞི་བདག་ཚུ་ལུ་ གསོལ་མཆོད་ཕུལཝ་ཨིན་པས།
གསོལ་མཆོད་ཕུལ་སྲོལ་དེཡང་ ནང་ཆོས་ཀྱི་ ལམ་ལུགས་དང་མཐུནམ་སྦེ་དང་ བོན་ལུགས་ཐོག་ལས་ ཕུལ་སྲོལ་གཉིས་ཡོདཔ་ད་ བོན་གྱི་ལམ་ལུགས་སྲོལ་ལས་འབད་བ་ཅིན་ དགུང་ལྷ་དང་ སྒ་བཟང་ ཤུ་སྦང་ལ་ཟེར་ ཤར་ཕྱོགས་ལུང་ཕྱོགས་སོ་སོའི་ནང་ བོན་ཆོས་མ་འདྲཝ་ ལེ་ཤ་ར་ དར་ཡོདཔ་ཨིན་པས།
ད་རེས་ནངས་པར་ མི་ཚུ་གི་སེམས་ཁར་ དེ་བཟུམ་གྱི་ བོན་ཆོས་དེ་ གཡུས་སྒོ་ཚུ་ནང་ དུས་ནམ་ལས་ དར་ཡོདཔ་ཨིན་ན་དང་ ལུང་ཕྱོགས་ག་ཏེ་ལས་ དར་ཡོདཔ་ཨིན་ན་ ག་དེ་སྦེ་ དར་དརཝ་ཨིན་ནའི་ ར་ཁུངས་ཚུ་ གསལ་ཏོག་ཏོ་སྦེ་ བཀལ་མི་ཚུགས་དོ་ཡོདཔ་ད་ མི་ཚུ་གིས་ བོན་གྱི་ལྷ་སྲོལ་དེ་ མི་རབས་ལེ་ཤ་ཅིག་གི་ ཧེ་མ་ལས་ར་ དར་ཏེ་ཡོད་པའི་ ཕ་བརྒྱུད་བུ་བརྒྱུད་ཀྱི་ལྷ་ཨིན་ཟེར་ བཤདཔ་མ་གཏོགས་ ར་ཁུངས་ཁ་གསལ་ཏོག་ཏོ་ཅིག་ སླབ་ནི་མིན་འདུག།
ད་རེས་ནངས་པར་ བོན་ལྷ་གསལ་ནི་དང་ བོན་མཆོད་ལག་ལེན་འཐབ་ནིའི་ ལུགས་སྲོལ་འདི་ རྒྱལ་ཁབ་ཀྱི་ ས་གནས་ཁག་དང་ ལྷག་པར་དུ་ ཤར་ཕྱོགས་ཁ་ཐུག་ལུ་ མ་ཉམས་པར་ཡོདཔ་ཨིན་པས།
བོན་ཆོས་དར་ཚུལ།
ཨིན་རུང་ འབྲུག་ཤར་ཕྱོགས་ཀྱི་ རྗེ་དཔོན་བྱུང་རབས་ བྱིས་པ་དགའ་བའི་རྣ་རྒྱན་ཟེར་མི་ ཀི་དེབ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དུས་རབས་འགོ་མ་བཙུགས་པའི་ཧེ་མར་ བོད་ཀྱི་རྒྱལ་པོ་ གྲི་འགུམ་བཙན་པོའི་སྲས་ ཉ་ཁྲི་ཟེར་མི་འདི་ ཉང་གི་རྒྱལཔོ་མཛད་དེ་བཞུགསཔ་ད་ ཡབ་གྲི་འགུམ་བཙན་པོའི་དགྲ་ ལོང་ངམ་ཟེར་མི་ལུ་འདྲོགས་ཏེ་ དཔོན་གཡོག་འཁོར་དང་བཅས་པ་ འབྲུག་ཤར་ཕྱོགས་བཀྲ་ཤིས་གཡང་རྩེ་ སྟོང་ཞང་ཁ་ཐུག་ལུ་ ཆིབས་སྐྱོད་གནང་ཐོག་ལས་ བོད་ཉང་པོའི་ཕོ་བྲང་དང་ ཅོག་འཐདཔ་ཅིག་བཞེངས་ཏེ་ གདན་ས་བཅགས་དགོཔ་བྱུང་ནུག་ཟེར་ཨིན་པས།
ཕོ་བྲང་གི་མིང་ཡང་ རྒྱལ་པོའི་མཚན་ལས་རྟ་དྲངས་ཏེ་ ཉང་མཁར་རྫོང་ངམ་ ཉ་མཁར་རྫོང་ཟེར་ བཏགས་ཡོདཔ་ད་ རྫོང་བཞེངས་སའི་ ས་གནས་དེ་ བཀྲིས་གཡང་རྩེ་ སྟོང་ཞང་སློབ་གྲྭ་ཆུང་བ་ཆགས་སར་ཨིནམ་ལས་ ཧེ་མའི་ རྫོང་གི་གྱང་ཁོག་ཚུ་ སློབ་གྲྭ་བཟོ་སྐྲུན་འབད་བའི་སྐབས་ མེདཔ་བཏང་ཡོདཔ་ལས་ ད་རེས་ནངས་པར་ རྫོང་གི་ཤུལ་ཚུ་ མཐོང་ནི་མེདཔ་ཨིན་པས།

བཙན་མཁར་ལ་ སློབ་གྲྭ་བར་མའི་ ཉེ་འདབས་ལུ་ཡོད་མི་ ཉ་ཁྲི་བཙན་པོའི་སྲས་ཀྱིས་བཞེངས་མི་ རྫོང་གི་གྱང་ཁོག།

རྒྱལ་སྲས་ཀྱིས་ཡང་ བཀྲ་ཤིས་གཡང་རྩེ་ བཙན་མཁར་ལ་སློབ་གྲྭ་བར་མའི་ ཉེ་འདབས་ལུ་ རྫོང་གཅིག་བཞེངས་ཏེ་ བཞུགས་ཡོད་པའི་ ར་ཁུངས་ཚུ་ ཁ་གསལ་བཀོད་དེ་ཡོདཔ་ད་ རྫོང་གི་གྱང་ཁོག་ཚུ་ ད་ལྟོའི་བར་ན་ཡང་ མཐོང་ཚུགས་པས།
ཉང་གི་རྒྱལཔོ་ ཉ་ཁྲི་གི་ དཔོན་གཡོག་ཚུ་ འབྲུག་ཤར་ཕྱོགས་ལུ་ མ་བྱོན་པའི་ཧེ་མར་ ཤར་ཕྱོགས་ཀྱི་ མི་ཚུ་གིས་ ལྷ་དང་འདྲེ་ངོ་མ་ཤེསཔ་མ་ཚད་ འདྲེ་ཚུ་གིས་ གནོདཔ་བཀལ་བའི་སྐབས་ གདོན་མཆོད་ནི་དང་ གདོན་མཆོད་སྐྱེལ་ཐངས་ཡང་ མ་ཤེས་པར་ མགུ་འཐོམས་ཏེ་ སྡོད་པའི་བར་ན་ ཉང་གི་རྒྱལཔོ་ ཉ་ཁྲི་བྱོན་ཞིནམ་ལས་ཚུར་ ལྷ་དང་ འདྲེ་ངོ་ཤེས་ཏེ་ ལྷ་གིས་ཕན་ཐོགས་དང་ འདྲེ་གིས་གནོདཔ་བཀལཝ་ཨིནམ་ ཤེས་ནུག་ཟེར་ དཔེ་དེབ་ནང་བཀོད་ནུག།
གདོན་གྱིས་གནོདཔ་བཀལ་བའི་སྐབས་ལུ་ མི་ཚུ་གིས་ ཤིང་སྣ་གི་བསངས་དང་ འབྲུ་སྣའི་སུར དེ་ལས་ ཇ་གསུར་དང་ མར་གསུར་ ཇ་སྐྱེམས་དང་ ཆང་སྐྱེམས་ལ་སོགས་པ་ཚུ་བཤམས་ཏེ་ གདོན་མཆོད་ཐངས་ཀྱི་སྲོལ་ཚུ་ བྱུང་ཡོདཔ་མ་ཚད་ སྒ་བཟང་དང་ དགུང་ལྷ་ཟེར་ ཡུལ་ལྷ་ལུ་ གསོལ་མཆོད་ཕུལ་ནིའི་ སྲོལ་ཚུ་ཡང་ མི་ཚུ་གིས་ དུས་དེ་ལས་འགོ་བཟུང་ ཧ་གོ་ཡོདཔ་ད་ ཤར་ཕྱོགས་ཁ་ཐུག་ལུ་ བོན་ལྷ་གསོལ་ནིའི་ ལམ་སྲོལ་དེ་ འགོ་དང་པ་ ཉང་གི་རྒྱལཔོ་ ཉ་ཁྲི་བྱོན་ཞིནམ་ལས་ཚུར་ བཀྲ་ཤིས་གཡང་རྩེ་ལུ་ དར་བའི་ཤུལ་ལས་ རིམ་པ་བཞིན་དུ་སྦེ་ ལུང་ཕྱོགས་ཁག་སོ་སོའི་ནང་ ཁྱབ་སྤེལ་ཁྱབ་སོང་ནུག་ཟེར་བཀོད་དེ་འདུག།
དེ་ལས་ ཡུལ་ལྷ་གཞི་བདག་ཚུ་ཡང་ ལེ་ཤ་ཡོདཔ་ལས་ ག་གིས་ གནོདཔ་བཀལཝ་ཨིན་ན་ ཡུལ་ལྷ་ཚུ་ ག་ཏེ་ལུ་ གནས་ཏེ་ཡོདཔ་ཨིན་ན་ གསོལ་མཆོད་ག་དེ་སྦེ་ ཕུལ་དགོཔ་ཨིན་ན་ཡང་ དཔའ་བོ་དང་ དཔའ་མོ་རྐྱབ་སྟེ་ མོ་བཏབ་རྩིས་བཏབ་ཐོག་ལས་ ཤེས་ཚུགས་ཡོདཔ་ཨིན་པས།
དཔའ་བོ་དང་ དཔའ་མོའི་སྲོལ།
དཔའ་བོ་དང་ དཔའ་མོ་རྐྱབ་ནི་གི་ སྲོལ་དེ་ཡང་ འགོ་དང་པ་ བོད་ལུ་དར་ཡོད་པའི་ཁུངས་ཡང་ སྒྲུང་ལྡེའི་བོན་གསུམ་གྱི་གཏམ་ཨེ་མ་ཧོ་ཟེར་བའི་ ཀི་དེབ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བོད་ཀྱི་རྒྱལ་རབས་༦ པ་ ཁྲི་སྲོང་ལྡེའུ་བཙན་གྱི་དུས་ལུ་ ཨ་ལོ་སྐྱེས་ལོ་༡༣ ལངམ་ད་ འདྲེ་གིས་ ལོ་༡༣ ཚུན་ བོད་རྒྱལ་ཁབ་ཀྱི་ ས་གནས་ག་ཏེ་ར་ འཁྱིད་ཞིནམ་ལས་ ལོ་༡༣ གྱི་རྒྱབ་ལས་ ཨ་ལོ་དེ་གིས་ མི་མ་ཡིན་གྱི་ ནུས་པ་ལུ་བརྟེན་ ས་གནས་དེ་ཁར་ ལྷ་དང་འདྲེ་ཡོད་མི་ཚུ་གིས་ གནོདཔ་བཀལ་ནུག།
དེ་བཟུམ་མའི་ ལྷ་འདྲེ་ཚུ་གིས་ གནོདཔ་བཀལ་མིའི་ ཁ་གནོན་ལུ་ གསོལ་མཆོད་འདི་བཟུམ་འབད་དགོ་ཟེར་ རྣམ་པ་སྣ་ཚོགས་ ཤེས་ཚུགས་མི་ཅིག་ བྱུང་ཡི་ཟེར་ བཀོད་དེ་ཡོདཔ་ལས་ དཔའ་བོ་དང་ དཔའ་མོའི་སྲོལ་ཡང་ འགོ་དང་པ་ བོད་ཀྱི་རྒྱལ་རབས་༦ པའི་སྐབས་ལུ་ བྱུང་ཡོདཔ་བཞིན་དུ་ དཔའ་བོ་དང་ དཔའ་མོ་རྐྱབ་ནིའི་སྲོལ་ བོད་ལུ་ ད་ལྟོའི་བར་ནང་ ཡལ་ཉམས་མ་འགྱོ་བར་ ཡོདཔ་ཨིན་པས།
དེ་ལས་ རིམ་པ་བཞིན་དུ་ འབྲུག་ལུ་དར་ཡོདཔ་ད་ དེ་ཡང་ ཉ་ཁྲིའི་དཔོན་གཡོག་ཚུ་ ལྷོ་མོན་ཤར་ཕྱོགས་ཁ་ཐུག་ལུ་ བྱོན་ཞིནམ་ལས་ཚུར་ བོན་ཆོས་དར་ཡོདཔ་མ་ཚད་ དཔའ་བོ་དང་ དཔའ་མོ་རྐྱབ་ཐོག་ལས་ བོན་ལུགས་ཀྱི་ མོ་བཏབ་རྩིས་བཏབ་འབད་ནིའི་སྲོལ་དེ་ཡང་ དུས་རབས་འགོ་མ་བཙུགས་པའི་ཧེ་མར་ བི་སི་༧༣༠ དེ་ཅིག་ནང་ སྟོང་ཞང་དང་ བཙན་མཁར་ལུ་ དར་ཡོད་པའི་ལོ་རྒྱུས་འདུག་ཟེར་ཞུ་ནི།
འཕྲིན་ལས་རྒྱལ་མཚན།
ཞིབ་རོགས་ལེགས་སྦྱར་བ།
སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ། ཀྲོང་གསར།

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *