བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་ འགོ་འབྱེད་གནང་པའི་བསྒང་།

འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་གྱིས་ ན་གཞོན་༧,༠༠༠ ལུ་ ལཱ་གཡོག་བྱིན་ནི།

༉ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་གཞི་བཙུགས་ཀྱི་དོན་ལུ་ གཞུང་གིས་ འཆར་དངུལ་དངུལ་ཀྲམ་ཐེར་འབུམ་༡.༠༤ བཞག་ཡོདཔ་བཞིན་དུ་ ལོ་ངོ་༢ ཀྱི་རིང་ ལག་ལེན་འཐབ་ནི་ཨིན་མི་ ལས་འགུལ་དེ་གིས་ འབྲུག་གི་ན་གཞོན་༧,༠༠༠ དེ་ཅིག་ལུ་ ལཱ་གཡོག་གི་ གོ་སྐབས་བྱིན་ནི་ཨིན་པས།
ཁ་ཙ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་དང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ དེ་ལས་ ལྡོག་ཕྱོགས་ཚོགས་པའི་ འཐུས་ཚབ་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྤྱི་འཛིན་ཚུ་གིས་ མཉམ་འབྲེལ་ཐོག་ལས་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་ ཆ་ཤས་ཅིག་ཨིན་མི་ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་དེ་ འགོ་འབྱེད་གནང་ཡི།
འབྲུག་ལུ་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ འབྲུག་གི་དཔལ་འབྱོར་ལུ་ འབྱེམ་ཕོག་པའི་ཁར་ བཟོ་སྐྲུན་གོང་འཕེལ་ལས་སྡེ་ལུ་ ཐོ་སྦོམ་ཕོག་མི་དེ་ ཕྱིའི་ལས་མི་ཚུ་ ནང་ན་འོང་ནི་ལས་ བཀག་དམ་འབད་ནི་དེ་གིས་ཨིན་པས།
འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་གྱིས་ གདོང་ལེན་དེ་ཚུ་ སེལ་ནི་ལུ་ ལྷན་ཐབས་འབད་ནི་ཨིན་པས།
ལས་གཡོག་ལྷན་ཁག་གི་ ལས་མི་བདག་སྐྱོང་ལམ་ལུགས་དང་འཁྲིལཝ་ད་ ད་རེས་ བཟོ་སྐྲུན་ལས་སྡེ་ཚུ་ནང་ སྤྱི་ཟླ་༦ པ་ཚུན་ ཕྱིའི་ལས་མི་༣༥,༥༦༧ དེ་ཅིག་གི་ དགོས་མཁོ་ཡོད་མིའི་གྲས་ལས་ རིག་རྩལ་དང་ ལག་ཤེས་ཅན་གྱི་ལས་མི་༡༨,༨༣༨ དང་ ལག་ཤེསཔ་མེན་མི་ ལས་མི་༡༦,༧༢༩ དེ་ཅིག་ལུ་ གོ་སྐབས་སྤྲོད་ནུག།
དེ་ཡང་ ལྷན་ཁག་གིས་ ལཱ་གཡོག་སྤྲོད་མི་དང་ ཁག་འབགཔ་༢,༣༧༩ དང་གཅིག་ཁར་ དྲི་བ་དྲིས་ལན་ཐོག་ ཞིབ་འཇུག་འབདཝ་ད་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
ལོ་ལྔའི་འཆར་གཞི་༡༢ པའི་ ལས་སྣ་དང་ ལས་རིམ་གཞན་ཚུ་ འགོ་འདྲེན་འཐབ་ནིའི་དོན་ལས་ ལས་མི་མངམ་དགོཔ་ཡོདཔ་ཨིན་པས།
བཟོ་སྐྲུན་ལས་སྡེ་ཁག་ཚུ་ནང་ ལས་མི་དགོ་པའི་ མཁོ་མངགས་འབད་མི་ མངམ་ཐོན་མི་དེ་ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་གྱིས་ ཁྱད་པར་ཉུང་སུ་ བཟོ་ནི་ལུ་ ལྷན་ཐབས་འབད་ནི་ཨིནམ་ད་ ཕྱིའི་ལས་མི་དང་ ལག་རྩལ་ཅན་གྱི་ཚབ་ལུ་ འབྲུག་མི་ཚུ་ལུ་ ལག་རྩལ་གྱི་ སྦྱོང་བརྡར་བྱིན་ནི་དང་ ལཱ་འབད་ནིའི་ གནས་ཚད་ཚུ་ཡང་ ལེགས་བཅོས་འབད་ནི་ཨིནམ་ད་ དེ་ཡང་ གཞུང་གིས་ གོ་སྐབས་ལེན་ཐོག་ལས་ སྤུས་ཚད་དང་ ལྕོགས་གྲུབ་ལྡན་པའི་ ལས་མི་དང་ ལས་མིའི་ཉེན་སྲུང་གོང་འཕེལ་གཏང་ནི་ དེ་ལས་ རྒྱལ་ཁབ་ལུ་ཡོད་མི་ ལམ་སྟོན་དང་ སྲིད་བྱུས་ཚུ་ བསྒྱུར་བཅོས་འབད་ནི་ཨིན་པས།
འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་དེ་ ལས་གཡོག་ལྷན་ཁག་གིས་ འགོ་འདྲེན་འཐབ་སྟེ་ བཟོ་སྐྲུན་གོང་འཕེལ་ལས་འཛིན་དང་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ འབྲུག་བཟོ་སྐྲུན་སྡེ་ཚོགས་ དེ་ལས་ སྒེར་སྡེ་ཚུ་ མཉམ་རུབ་ཐོག་ལས་ ལཱ་འབད་ནི་ཨིན་པས།
ལས་གཡོག་བློན་པོ་ཨྱོན་རྡོ་རྗེ་གིས་ ལས་འགུལ་གྱི་ དམིགས་ཡུལ་དེ་ བཟོ་སྐྲུན་དང་འབྲེལ་བའི་ བཟོ་གྲྭ་ཁང་དང་ བཟོ་སྐྲུན་ལས་སྡེ་ཚུ་ནང་ རིག་རྩལ་དང་ ལག་ཤེསཔ་མེན་པའི་ ལས་མི་ཚུ་ ཡུན་བརྟན་སྦེ་ བཞག་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པས།
དེ་ཡང་ དགོས་མཁོ་འགྲུབ་ནིའི་དོན་ལུ་ ལས་མི་ལྕོགས་གྲུབ་ཡོད་མི་དང་ ལྕོགས་གྲུབ་མེད་མི་ཚུ་ འཛིན་སྐྱོང་འབད་ཞིནམ་ལས་ ལས་མི་སྦེ་གཏང་ནི་དང་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ལས་མི་ལྕགས་གྲུབ་ གོང་འཕེལ་གཏང་ནི་ དེ་ལས་ བཟོ་སྐྲུན་ལས་སྡེ་དེ་ ལཱ་གཡོག་སྤྲོད་ཚུགས་པའི་ ལས་སྡེ་ཅིག་སྦེ་ བཟོ་ནི་དེ་ཨིན་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
ལས་གཡོག་བློན་པོ་གིས་འབད་བ་ཅིན་ ལས་འགུལ་དེ་གི་འོག་ལུ་ ལཱ་གཡོག་མེད་མི་དང་ ཕྱི་རྒྱལ་ལས་ ལོག་འོང་མི་ཚུ་ བཟོ་སྐྲུན་ལས་སྡེ་ཚུ་ནང་ འབྲེལ་གཏོགས་འབད་ཐབས་དང་ ལྕོགས་གྲུབ་ཅན་བཟོ་ནི་ ལས་མི་ཚུ་གི་ ཉེན་སྲུང་དང་ ཐོབ་ཐངས་ཚུ་ འོས་འབབ་དང་ལྡནམ་ བཟོ་ནི་ཟེར་ཨིན་པས།
ལས་མི་ཚུ་གི་ ལྕོགས་གྲུབ་དང་འཁྲིལ་ ཉིན་བསྟར་གྱི་ གླ་ཆ་ཡར་སེང་འབད་ནི་དང་ ཉེན་སྲུང་གི་ཅ་ཆས་ དེ་ལས་ མ་འོངས་འཚོ་རྟེན་མ་དངུལ་ འཐོབ་ནི་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ ལྕོགས་གྲུབ་ཅན་གྱི་ ལས་མི་༡༤,༤༩༥ དགོཔ་ཡོད་མི་དེ་ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་གྱིས་ འགྲུབ་ཐབས་འབད་ནི་དང་ ལྕོགས་གྲུབ་ཡོད་མི་དང་ ལག་རྩལ་མེད་མི་ཚུ་ དབྱེ་བ་ཕྱེ་སྟེ་ ཐོ་བཀོད་འབད་བཅུག་པའི་ཤུལ་ལུ་ སྦྱོང་བརྡར་བྱིན་ནི་ཨིན་པས།
ལྕོགས་གྲུབ་ཡོད་མི་ ལས་མི་ཚུ་ དེ་འཕྲོ་ལས་ བཟོ་སྐྲུན་ལས་སྡེ་ཚུ་ནང་ གཏང་ནི་དང་ ལམ་རྩལ་མེད་མི་ ལས་མི་ཚུ་ཡང་ མཁོ་འདོད་བཀོད་མི་དང་འཁྲིལ་ མཁོ་སྤྲོད་འབད་ནི་ཨིན་པས།
ལཱ་གཡོག་བློན་པོ་ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ ལས་འགུལ་དེ་གི་ཐོག་ལུ་ ལོ་༢ ཀྱི་རིང་ ན་གཞོན་༧,༠༠༠ དེ་ཅིག་ལུ་ རྡོ་བཟོ་བོ་དང་ རྩིག་བཟོ་བོ་ ཤིང་བཟོ་བོ་ ཆུ་དུང་དང་ ཆུ་མཛོད་ ནང་འཁོད་གློག་ཐག་སྤྲིང་ནི་དང་ བཟོ་གྲྭ་ཁང་ནང་ གློག་ཐག་བཙུགས་མི་ ཚ་ལ་རྐྱབ་མི་ སྒྲིང་ཁྱིམ་རྐྱབ་མི་ དེ་ལས་ ས་རྐོ་འཕྲུལ་ཆས་ཀྱི་དོན་ལུ་ གཞུང་གིས་ ཟླཝ་༡ ལས་ ཟླཝ་ཕྱེད་དང་གསུམ་ཚུན་ སྦྱོང་བརྡར་བྱིན་ནི་ཟེར་ཨིན་པས།
ལས་གཡོག་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ལས་འགུལ་དེ་གི་འོག་ལུ་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་གི་ སློབ་ཕྲུག་ཚུ་ལུ་ ཟླ་རིམ་ལྟོ་ཕོགས་ཀྱི་ འཐུས་དངུལ་ཀྲམ་༦,༠༠༠ རེ་ བྱིན་ནི་ཨིན་པས།
དེ་ལས་ གཞུང་གིས་ བཟོ་སྐྲུན་ཚུ་ནང་ ལཱ་འབད་མི་ཚུ་ལུ་ ཟླ་རིམ་དངུལ་ཕོགས་བརྒྱ་ཆ་༢༥ རེ་ བྱིན་ནི་དང་ ཉེན་སྲུང་གི་དོན་ལུ་ འཚོ་རྟེན་མ་དངུལ་ བརྒྱ་ཆ་༡༠ རེ་ ལྷན་ཐབས་འབད་འོང་ཟེར་ བློན་ཆེན་གྱིས་ གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ན་གཞོན་ཚུ་ ག་དེ་སྦེ་ བཟོ་སྐྲུན་ལས་སྡེ་ཚུ་ནང་ འབྲེལ་གཏོགས་འབད་ཚུགསཔ་བཟོ་ནི་ཨིན་ན་ ཐབས་ལམ་བཏོན་དགོཔ་བཞིན་དུ་ ད་ལྟོ་ཚུན་ ན་གཞོན་དང་ མི་གཞན་ཚུ་གིས་ བཟོ་སྐྲུན་གྱི་ ལཱ་འབད་མ་བཏུབ་པའི་ གནད་དོན་དེ་ ཉིན་བསྟར་གྱི་གླ་ཆ་ ཉུང་མི་དང་ ལཱ་འབད་ནིའི་ རིག་རྩལ་མེད་མི་ དེ་ལས་ ཡུན་བརྟན་གྱི་ ཉེན་སྲུང་མེད་མི་དེ་ཨིན་ཟེར་ཨིན་པས།
བཟོ་སྐྲུན་དང་ སྒེར་སྡེ་ཚུ་ནང་ ན་གཞོན་ཚུ་གིས་ ལཱ་འབད་ནི་ལུ་ སྤྲོ་བ་བསྐྱེད་ཐབས་དང་ ལས་སྡེ་དང་ སྒེར་སྡེ་ཚུ་གིས་འབད་རུང་ གོ་སྐབས་སྤྲོད་ཚུགསཔ་བཟོ་ནི་དེ་ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་ལུ་བརྟེན་ མཐུད་སྦྲེལ་འབད་ཚུགས་ཨིན་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ རྒྱལ་ཡོངས་ཀྱི་ རེ་འདོད་དང་ དམིགས་ཡུལ་གཙོ་བོ་ར་ རྒྱལ་ཁབ་རང་དབང་རང་བཙན་དང་ སྲུང་སྐྱོབ་སྒྲིང་སྒྲི་བཞག་ནི་དེ་ དང་ཕུའི་ཕམ་ཚུ་གིས་ མཛད་བཞག་དོ་བཟུམ་སྦེ་ འབྲུག་པའི་མི་སེར་གྱི་ ལག་པར་ཨིན་ཟེར་གསུངས་ཡི།
ད་རེས་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ བཟོ་སྐྲུན་གོང་འཕེལ་ལས་སྡེ་དང་ སྒེར་སྡེ་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོད་རུང་ ད་ལྟོ་ ཕྱིའི་ལས་མི་༢༥,༠༠༠ དེ་ཅིག་ རྒྱལ་ཁབ་ནང་ན་ཡོདཔ་ད་ མ་གཞི་ ལོ་བསྟར་བཞིན་དུ་ ཕྱིའི་ལས་མི་༥༠,༠༠༠ དེ་རེ་ འབྲུག་ལུ་ བཟོ་སྐྲུན་གྱི་ ལཱ་འབད་བར་ འོང་དོ་ཡོདཔ་ཨིན་པས།
འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་གྱི་འོག་ལུ་ ལཱ་འབད་ནིའི་དོན་ལུ་ ཐོ་བཀོད་འབད་དགོཔ་བཞིན་དུ་ དང་པ་ར་ ལས་སྡེ་ཅིག་ནང་ ལཱ་འབད་མི་ བསོད་ནམས་སྟོབས་རྒྱས་ཀྱིས་ ཐོ་བཀོད་འབད་ཡོད་མི་དེ་ཡང་ འབྲུག་མི་ཚུ་ལུ་ ཕན་ཐོགས་སྦོམ་ཡོད་མི་ལུ་བརྟེན་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་ རྒྱ་གར་ལས་ མི་སྟོབས་གོང་འཕེལ་ནང་ མཐར་འཁྱོལ་བའི་ཤུལ་ལས་ ལས་སྡེ་ཅིག་ནང་ འཛིན་སྐྱོང་གི་དོན་ལུ་ལཱ་འབད་དོ་ཡོདཔ་ད་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ལས་འགུལ་ནང་ བཅའ་མར་གཏོགས་དགོ་མི་དེ་ ལྕོགས་གྲུབ་དང་ རིག་རྩལ་གོང་འཕེལ་གཏང་ནིའི་ གོ་སྐབས་ཡོད་པའི་ཁར་ ན་གཞོན་ཚུ་ ལམ་སྟོན་དང་ བློ་སྟོབས་བསྐྱེད་བཅུག་ནི་ མ་འོངས་པ་ལུ་ ལྕོགས་གྲུབ་ལྡན་པའི་ ལས་མི་ཚུ་ ཕྱི་ལས་ནང་འདྲེན་འབད་མ་དགོཔ་ བཟོ་ཚུགས་པའི་ འོས་འབབ་ཡོད་མི་དང་འཁྲིལ་ ཐོ་བཀོད་འབད་ཡི་ཟེར་ བཤད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *