ཕད་ཙི་ནང་འདེགས་བཞག་མི་ ཨ་ལཱན་ཅི་ཚུ།

འབྲུག་ཟ་སྤྱོད་ལས་འཛིན་གྱིས་ ཨ་ལཱན་ཅི་ཉོ་མ་བཏུབ་ལས་ མི་སེར་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་ཟ་སྤྱོད་ལས་འཛིན་ལས་ འཐུས་མི་སྡེ་ཚན་ཅིག་གིས་ སྐོར་ཕུག་རྒེད་འོག་ནང་ ཨ་ལཱན་ཅི་ཉོ་བར་ འོང་ཡོདཔ་ཨིན་རུང་ གུང་པ་༥ དེ་ཅིག་གི་ ཨ་ལཱན་ཅི་ཚུ་ ཉོ་མ་བཏུབ་ལས་ མི་སེར་ཚུ་ སེམས་དང་མ་ལྡན་པར་འདུག།
མི་ཚུ་གིས་ སླབ་མིའི་ནང་ ཨ་ལཱན་ཅི་ཚུ་ གཞུང་གིས་ ཉོ་ནི་ཨིན་ཟེར་སླབ་སྟེ་ ཐོ་བཀོད་འབད་ནི་དེ་གིས་ དགེ་ལེགས་ཕུག་ལུ་ བཙོང་བར་མ་འབག་པར་ བཞག་ཡོདཔ་ཨིན་རུང་ མཐའན་མཇུག་ཁར་ ཉོ་མ་བཏུབ་ཟེར་ཨིན་པས།
མནའ་སྦིས་ལས་ འཕྲིན་ལས་བུ་དར་གྱིས་ སླབ་མིའི་ནང་ མོ་ལུ་ ཨ་ལཱན་ཅི་དོ་༤ ཡོདཔ་ད་ གཞུང་གིས་ ཉོ་ནི་ཨིན་ཟེར་སླབ་སྟེ་ ཐོ་བཀོད་ལེན་ཐེངས་༤ དེ་ཅིག་ འབད་ཡོདཔ་ཨིན་རུང་ ད་རེས་འབད་བའི་བསྒང་ལས་ ཉོ་མ་བཏུབ་ལས་ ག་ཅི་འབད་ནི་ཨིན་ན་ མ་ཤེས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་ལུ་ བསྐྱལ་དགོ་པ་ཅིན་ དོ་རེ་ལུ་ དངུལ་ཀྲམ་༥༠༠ དེ་རེ་ གནས་དོ་ཡོདཔ་ལས་ བསྐྱལ་མ་ཚུགས་ཟེར་ཨིནམ་ད་ མོ་ར་ ཁྱིམ་རྐྱབ་དོ་ཡོདཔ་ལས་ སྐྱིན་འགྲུལ་ལེན་ཡོད་མི་དེ་ ཨ་ལཱན་ཅི་བཙོང་ཞིནམ་ལས་ ལོག་བཏབ་ནིའི་ མནོ་བསམ་ཡོད་རུང་ བཙོང་མ་ཚུགསཔ་ལས་ ཚ་གྱང་ལང་དོ་ཟེར་ཨིན་པས།
ཨ་ལཱན་ཅི་ མ་ཉོ་བར་བཞག་མིའི་གྲས་ལས་ ཐོན་ཁུངས་ཡོད་མི་ལ་ལོ་ཅིག་གིས་ དགེ་ལེགས་ཕུག་ལུ་ འབག་ཡོདཔ་ཨིན་རུང་ མི་སེར་ཉམ་ཆུང་ ཐོན་ཁུངས་མེད་མི་ཚུ་ ལོག་ཁྱིམ་ནང་ར་ བསྡམས་བཞག་ཡོདཔ་ཨིན་པས།
ཁྱིམ་ནང་ལས་ ལཱ་ཁག་སྦེ་ རྒེད་འོག་ལྟེ་བ་ཚུན་ སྣུམ་འཁོར་གླ་ཁར་ལེན་ཞིནམ་ལས་ བསྐྱལ་ཡོདཔ་ཨིན་རུང་ ཉོ་མ་བཏུབ་ནི་དེ་གིས་ ཟད་འགྲོ་ཐེབས་གནས་ཡོདཔ་སྦེ་ སླབ་ཨིན་པས།
འཇམ་དབྱངས་དཔལ་བཟང་གིས་ སླབ་མིའི་ནང་ ཨ་ལཱན་ཅི་ཀེ་ཇི་༢༥༠ དེ་ཅིག་ བསྡུ་ལེན་འབད་ཞིནམ་ལས་ མཛོད་ཁང་ནང་བསྡམས་བཞག་ཅི་ཟེར་ཨིནམ་ད་ གཞུང་ལས་ཉོ་མི་ལྷོད་ནུག་ཟེར་ གོ་བའི་ཤུལ་ དེ་འཕྲོ་ལས་ བཏོན་འབག་ཡོདཔ་ཨིན་རུང་ ཉོ་མི་ཚུ་གིས་ ཆུ་བླུགས་ནུག་ཟེར་སླབ་སྟེ་ ཉོ་མ་བཏུབ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཨཱ་ལན་ཅི་ཉོ་འབག་མི་ཚུ་དང་ མ་ཉོ་བར་ལུས་ཡོད་མི་ཚུ་ ལཱ་འབད་ཐངས་ག་ར་ ཅོག་འཐདཔ་ཨིན་རུང་ ལ་ལོ་ཅིག་ ཉོ་མ་བཏུབ་ཟེར་ཨིནམ་ད་ གཞུང་གིས་ སྤུས་ཚད་དང་བསྟུན་པའི་ གོང་ཚད་རེ་བྱིན་ཏེ་ ཉོ་རུང་བཏུབ་ནི་མས་ཟེར་ ཨིན་པས།
གལ་སྲིད་ དགེ་ལེགས་ཕུག་ལུ་ འབག་འགྱོ་བ་ཅིན་ གོང་ཚད་ག་ར་ རྒྱ་གར་གྱི་ཚོང་པ་ཚུ་གིས་ རྐྱབ་དོ་ཡོད་པའི་ཁར་ ཏི་རུ་ཡང་ འཕྲལ་མགྱོགས་མི་ཐོབ་དོ་ཡོདཔ་ལས་ གཞུང་གིས་ར་ཉོ་བ་ཅིན་ སྟབས་བདེ་ནི་མས་མནོ་སྟེ་ ད་རེས་ཚུན་ མ་བཙོང་པར་བཞག་ཅི་ཟེར་ ཨིན་པས།
མི་སེར་ཚུའི་ འོང་འབབ་ཀྱི་ ཐོན་ཁུངས་གཙོ་བོ་ དངུལ་ཐོག་ཨཱ་ལན་ཅི་ཨིནམ་བཞིན་དུ་ སྐོར་ཕུག་དང་ མནའ་སྦིས་སྤྱི་འོག་ནང་ ཨཱ་ལན་ཅི་གི་ལཱ་ ཤུགས་སྦེ་འབད་དོ་ཡོདཔ་ཨིན་རུང་ ཉིམ་གཤོང་ལུ་འགྲོས་ཀྱིས་སྦེ་ སྤྲོ་བ་བསྐྱེད་དེ་ ལཱ་འབད་མི་མངམ་ཐོན་ཡོདཔ་ཨིན་པས།
སྐོར་ཕུག་ལས་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ གཞུང་གིས་ ཨ་ལཱན་ཅི་ཉོ་ནི་ཟེར་ སླབ་ཡོདཔ་བཞིན་དུ་ ཨ་ལཱན་ཅི་གི་ སྤུས་ཚད་ཀྱི་དབྱེ་བ་༤ དེ་ཅིག་བཟོ་སྟེ་འདུག་ཟེར་ཨིནམ་ད་ དགེ་ལེགས་ཕུག་ལུ་བཙོང་པ་ཅིན་ དབྱེ་བ་༢ ལས་ཕྱེ་ནི་མེདཔ་ལས་ བཙོང་མ་ཚུགསཔ་དང་ མ་བཏུབ་འཐོན་ནི་མེད་ཟེར་ ཨིན་པས།
གཞུང་གིས་ཉོ་བ་ཅིན་ སྟབས་བདེ་ཏོག་ཏོ་འོང་ནི་ཨིན་རུང་ སྤུས་ཚད་ཀྱི་དབྱེ་བ་༤ ཕྱེ་བའི་བསྒང་ལས་ དབྱེ་བ་༣ དང་༤ ནང་ཚུད་མི་ལུ་ གོང་ཚད་ཡང་ དམའ་སུ་ཨིན་མས་ཟེར་ཨིནམ་ད་ ལ་ལོ་ཅིག་ དབྱེ་བ་ནང་མ་ཚུད་པར་ མ་བཏུབ་པའི་གྲངས་སུ་བཙུགསཔ་མས་ཟེར་ ཨིན་པས།
དེ་བཟུམ་སྦེ་ གཞུང་གིས་ ཨ་ལཱན་ཅི་ཉོ་ནི་ཨིན་ཟེར་ ཐོ་བཀོད་རྐྱབ་ནི་དེ་ཡང་ ཨ་ལཱན་ཅི་དེ་ ཟླཝ་༨ པའི་ནང་ལས་ བསྡུ་ནི་ འགོ་བཙུགས་དོ་ཡོདཔ་ལས་ ཟླཝ་དེ་ནང་ལས་ ཐོ་བཀོད་རྐྱབ་ནི་ འགོ་བཙུགས་དགོཔ་འདུག་ཟེར་ཨིནམ་ན་ དེ་ཡང་ དུས་ཅི་ ཐོ་བཀོད་རྐྱབ་ནི་དེ་ ཟླཝ་༡ པའི་ནང་འབདཝ་ལས་ མང་ཤོས་ཀྱིས་ ཨ་ལཱན་ཅི་བཙོང་ཚར་ཏེ་ཡོད་པའི་ཁར་ ཡོད་མི་ཚུ་ཡང་ ཟླཝ་༧ དེ་ཅིག་གི་རྒྱབ་ལས་རྐྱངམ་གཅིག་ ཉོ་བར་འོང་ཡོདཔ་ལས་ སྟབས་མི་བདེ་བས་ཟེར་ཨིན་པས།
སྐོར་ཕུག་རྒེད་འོག་གི་ སོ་ནམ་རྒྱ་སྐྱེད་ལས་རོགསཔ་གིས་ སླབ་མིའི་ནང་ འབྲུག་ཟ་སྤྱོད་ལས་འཛིན་ནང་ལས་ ཨ་ལཱན་ཅི་ཉོ་བར་འོང་དོ་ཟེར་ མི་སེར་ཚུ་ལུ་ བརྡ་ལན་འབད་ཡི་ཟེར་ཨིནམ་ད་ དེ་བསྒང་ ཆུ་སླ་བསྲེས་མ་རྐྱབ་ཟེར་ སླབ་ཅི་ཟེར་ཨིན་པས།
ཨིན་རུང་ མི་ཚུ་གིས་ ཨ་ལཱན་ཅི་ཁ་ཕྱེ་བའི་བསྒང་ལས་ འགོ་དཔོན་ཚུ་གིས་ ཆུ་བླུགས་ནུག་ཟེར་སླབ་སྟེ་ ཉོ་མ་བཏུབ་ཟེར་ཨིན་པས།
ཨ་ལཱན་ཅི་ཚུ་ ཕྱིར་བཙོང་འཐབ་ནིའི་དོན་ལུ་འབདཝ་ལས་ མི་སེར་ཚུ་ལས་ཉོ་སྟེ་ དགེ་ལེགས་ཕུག་ལུ་ དུས་ཡུན་དུམ་གྲ་ཅིག་བཞག་དགོཔ་ད་ གལ་སྲིད་ ག་ར་ཉོ་འབག་སྟེ་ ཕྱིར་བཙོང་འཐབ་པ་ཅིན་ མ་འོངས་པའི་ནང་ ཚོང་འབྲེལ་ལུ་ ཐོ་ཕོག་ཉེན་ཡོདཔ་ལས་ ཆུ་བླུགས་ཡོད་མི་ཚུ་ ཉོ་མ་བཏུབ་ཟེར་ ཨིན་པའི་གནས་ཚུལ།

སྐོར་ཕུག་ལས་ ཉིམ་རྡོ་རྗེ།

 

About admin

Check Also

གཡོ་བཅོམ་འབད་ནིའི་ ཐབས་ལམ་ཨིན་ན?

༉ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ འགན་ཁུར་ངོ་མ་ར་ ཁྲིམས་བཟོ་ནི་དང་ ཁྲིམས་བསྐྱར་ཞིབ་འབད་ནི་ དེ་ལས་ མི་སེར་གྱི་ སྐུ་ཚབ་སྦེ་ སྤྱི་ཚོགས་ནང་ མི་མང་ལུ་བྱུང་མི་ དཀའ་ངལ་དང་གདོང་ལེན་ཚུ་ སེལ་གནང་དགོ་པའི་ གྲོས་འདེབས་ཕུལ་ནི་དེ་ཨིན་མས། འཐུས་མི་ཚུ་ …

Leave a Reply

Your email address will not be published. Required fields are marked *