འབྲུག་མི་ཚུ་ གཏོང་སེམས་དང་ དམ་གཙང་ ཡོད་པའི་གསལ་སྟོན།

༉ སྤྱི་ཟླ་༣ པའི་བདུན་ཕྲག་དང་པའི་ནང་ འབྲུག་ལུ་ ཀོ་རོ་ན་བའེ་རཱསི་༼COVID-19༽ ནད་ཡམས་ལྷོད་ཞིནམ་ལས་ཚུར་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ འབྱེམ་ཕོག་ཡོད་མི་ལས་ དམིགས་བསལ་དུ་ སྒེར་སྡེ་ལུ་ ཐོ་སྦོམ་སྦེ་ར་ཕོག་སྟེ་ཡོད་མི་དེ་ ག་ར་གིས་ མ་མཐོངམ་དང་ མ་ཤེསཔ་ག་ནི་ཡང་མེད།
དེ་གིས་མ་དོ་བར་ ཚོང་ཁང་ལ་ལོ་ཅིག་ སྒོ་བསྡམས་ཡོདཔ་མ་ཚད་ མི་ལ་ལོ་ཅིག་ ལཱ་གཡོག་བྱང་པའི་ཁར་ ཚོང་འབྲེལ་ཁང་ལ་ལོ་ སྒོ་བསྡམ་ནི་གུ་ ལྷོད་ཡོདཔ་ཨིན་རུང་ ནད་ཡམས་ལུ་བརྟེན་པའི་ གནོད་སྐྱོན་བྱུང་མི་དང་ གྱོང་རྒུད་ཕོག་མི་ཚུ་གི་ ཁ་ཐུག་ལས་ ད་ཚུན་གྱི་བར་ན་ གཞུང་ལུ་ རྒུད་གསོ་དང་ རྒྱབ་སྐྱོར་དགོཔ་སྦེ་ མཁོ་འདོད་ ཡང་ཅིན་ ཞུ་བསྐུལ་འབད་འབདཝ་ མེད་མི་དེ་ཡང་ ད་ལྟོ་ གཙོ་རིམ་ག་ཅི་ནང་ བཟུང་དགོཔ་ཨིན་ན་ ཤེས་ནི་དེ་གིས་ཨིན་མས།
ད་རེས་ནངས་པར་ འཛམ་གླིང་ནང་ འཇིགས་སྣང་ཅན་ལུ་གྱུར་མི་ ཀོ་བིཌ་-༡༩ ནད་ཡམས་དེ་ རྒྱལ་ཁབ་ནང་ སྔོན་འགོག་དང་ དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ དབུ་ཁྲིད་དང་ ལམ་སྟོན་བཟང་པོའི་ཐོག་ལུ་ གཞུང་གིས་ འབད་ཚུགས་ཚུགསཔ་ རྩ་འགེངས་ཐོག་ལས་ འབྲུག་མི་ཚུ་ ཉེན་སྐྱོབ་འབདཝ་མ་ཚད་ གཞུང་ལས་ བདའ་མ་ཟུན་མི་དང་ ཁྱབ་མ་ཚུགས་མི་ཚུ་ནང་ མི་སེར་ལས་ མཉམ་འབྲེལ་དང་ སྡོང་གྲོགས་དགོ་པའི་ ཞུ་བསྐུལ་འབདཝ་བཞིན་དུ་ མི་ཚུ་གིས་ཡང་ རྒྱབ་སྐྱོར་དང་ མཉམ་འབྲེལ་འབད་མའི་ མཐོང་གསལ་བྱུངམ་མས།
དེ་བཟུམ་སྦེ་ རང་དང་བཟའ་ཚང་འཐུས་མི་ཚུ་གི་ཉེན་སྲུང་ དེ་ལས་ མི་སྡེ་དང་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་ ཟུར་བཞག་ནད་བརྟག་ཁང་ནང་ སྡོད་མི་ཚུ་གིས་ཡང་ གནད་དོན་ལེ་ཤ་ཅིག་ནང་ བློས་བཏང་དོ་ཡོདཔ་ད་ དཔེར་ན་ འཕྲལ་ཁམས་ཅིག་ཁར་ ཕྱི་རྒྱལ་ལས་འོང་མི་ཅིག་ ཟུར་བཞག་ནད་བརྟག་ཁང་ནང་སྡོདཔ་ད་ ཕམ་ཅིག་གྱོངས་སོང་རུང་ གཞན་ཚུ་གི་ ཉེན་སྲུང་ལུ་བལྟ་སྟེ་ གཡུས་ཁ་ལུ་ མ་འགྱོ་བར་ ཟུར་བཞག་ཁང་ནང་ར་ སྡོད་ནི་སྦེ་ གདམ་ཁ་རྐྱབ་ཐོག་ལས་ བློས་བཏང་ནུག།
ང་བཅས་ཀྱི་མི་ཚུ་ ཟུར་བཞག་ནད་བརྟག་ཁང་ནང་ བཞག་མི་དེ་ར་ གལ་སྲིད་ མི་ངོམ་དེ་ལུ་ ཀོ་བིཌ་-༡༩ ནད་འབུབ་ཐོབ་ཡོད་པ་ཅིན་ མི་གཞན་ལུ་ འབུ་མི་བཅུག་ནིའི་དོན་ལུ་ཨིནམ་ད་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་ནང་འབད་བ་ཅིན་ ཟུར་བཞག་ནང་ རང་གིས་ཟད་འགྲོ་བཏང་སྟེ་ སྡོད་དགོཔ་ཨིན་རུང་ འབྲུག་ལུ་འབད་བ་ཅིན་ ནད་ཡམས་དེ་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་ལུ་ རྒྱལ་ཁམས་ཀྱིས་སྦེ་ བདག་འཛིན་འཐབ་མ་ཚད་ སྡོད་གནས་དང་ བཞེས་སྒོའི་རིན་སྤྲོད་མི་དེ་ མིག་དཔེ་བཟང་པོ་ཅིག་ཨིན་མས།
ཨིན་རུང་ ང་བཅས་ཆ་ཁྱབ་ འབྲུག་མི་ཨིནམ་ལས་ རྐྱེན་ངན་ཚུ་བྱུངམ་ད་ ག་ར་གཅིག་མཐུན་ཐོག་ལས་ གདོང་ལེན་འབད་མི་དེ་ ཁྱད་ཆོས་བཟང་པོ་ཅིག་ཨིན་མི་དེ་ཡང་ ད་ཚུན་གྱི་བར་ན་ གཞུང་གིས་ གྲོགས་རམ་དགོཔ་སྦེ་ ཞུ་བསྐུལ་འབད་འབདཝ་མེད་རུ་ང བླ་སློབ་ལ་སོགས་པའི་ ངོ་རྐྱང་དང་ ལས་སྡེ་ མཐུན་ཚོགས་ ལེགས་སྨོན་ཅན་ཚུ་གིས་གཙོས་པའི་ ཐ་ན་ ཕྱི་རྒྱལ་ལུ་ སྡོད་མི་ཚུ་གིས་ རྒྱལ་ཁབ་དང་ མི་སེར་གྱི་ ཉེན་སྲུང་དང་ མཐའ་དོན་ལུ་ རྒྱུ་སྦུངས་ཀྱི་རྒྱབ་སྐྱོར་ གཅིག་ཤུལ་གཉིས་ཤུལ་སྦེ་ ཕུལ་སར་མཐོངམ་ད་ ངལ་རངས་དང་ དཔའ་ཉམས་བྱུངམ་མས།
འབྲུག་རྒྱལ་ཁབ་འདི་ ནད་ཡམས་ཀྱི་ ཉེན་འཚུབས་བྱུང་པའི་ ནམ་དུས་ལུ་ ནད་ཡམས་ལུ་ གདོང་ལེན་འབད་ནིའི་ ལྷན་ཐབས་ལུ་ གཏོང་ཕོད་ཅན་གྱི་ ངོ་རྐྱང་དང་ ལས་སྡེ་ཚུ་གིས་ དངུལ་རྐྱང་དང་ མཁོ་ཆས་ཀྱི་ ཞལ་འདེབས་ཕུལ་མི་དེ་ ཟང་ཟིང་ནོར་གྱི་སྦྱིན་པ་དང་ མི་འཇིགས་སྐྱབས་ཀྱི་སྦྱིན་པ་གྲངས་སུ་ ཚུདཔ་བཞིན་དུ་ མི་མང་ལས་ རྒྱབ་སྐྱོར་དང་ ངོས་ལེན་འདི་བཟུམ་འབད་མི་གིས་ རྒྱལ་བློན་འབངས་གསུམ་གྱི་བར་ན་ ཐ་དམ་ཚིག་གཙང་མའི་ཐོག་ལུ་ གནས་ཡོད་པའི་ བརྡ་མཚོན་སྟོནམ་མས།
ད་ཚུན་གྱི་བར་ན་ རྒྱལ་ཁབ་ནང་ ནད་འབུབ་ཐོབ་མི་༤ ལས་བརྒལ་ མ་ཐོན་པའི་ཁར་ ནད་ཐོབ་མི་ཡང་ ག་ར་ཕྱི་ཁ་ལས་ འབག་འོང་ཡོདཔ་ཨིན་རུང་ ནང་འཁོད་ལས་ ང་བཅས་ག་ར་ ལགཔ་གཅིག་ཁར་མཐུད་དེ་ གདོང་ལེན་འབད་བ་ཅིན་ ནད་ཡམས་ཀོ་བིཌ་-༡༩ དེ་ དར་ཁྱབ་འགྱོ་ནི་ལས་བཀག་ཚུགས།
དེ་གི་ནང་དོན་ཉིད་ལས་ འབྲུག་མངའ་བདག་རྒྱལ་པོའི་ཞབས་ལས་ ལམ་སྟོན་དང་ བཀའ་སློབ་གནང་བཞིན་དུ་ཡོད་པའི་ཁར་ ཆོས་སྡེའི་དབུ་ཁྲིད་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ལས་འགོ་བཙུགས་ གྲྭ་ཚང་དང་ བཤད་གྲྭ་ ལྷ་ཁང་དགོན་སྡེ་ལ་སོགས་པ་ཚུ་གིས་ ནད་ཞི་ཐབས་ལུ་ སྐུ་རིམ་དང་ སྨན་བླ་ཚུ་ སྒྲུབ་གནངམ་ཨིན་མས།
དེ་འབདཝ་ལས་ རྒྱལ་བློན་འབངས་གསུམ་གཅིག་མཐུན་ཐོག་ ནད་ཡམས་ཀོ་རོ་ན་བའེ་རཱསི་བཀག་ནི་ལུ་ བརྩོན་ཤུགས་བསྐྱེད་བཞིན་དུ་ཡོད་མི་དེ་ ཡུན་མ་རིངམོ་ལས་ གླགས་ཁེལ་ཚུགས།

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *