འབྲུག་མི་༡ དང་ རྒྱ་གར་གྱི་མི་ཁུངས་༡ ལུ་ བཙོན་ཁྲིམས་ལོ་༣ རེ་བཀལ་ཡོདཔ།

༉ སྐྱེས་ལོ་༢༦ ལང་མི་ འབྲུག་མི་ཅིག་དང་ སྐྱེས་ལོ་༣༡ ལང་མི་ རྒྱ་གར་གྱི་མི་ཁུངས་ཅིག་གིས་ ལམ་སེལ་ལས་ཁུངས་ཀྱི་ གནས་སྐབས་མཛོད་ཁང་ནང་ལས་ ཟམ་བཟོ་སྐྲུན་གྱི་དོན་ལུ་བཞག་ཡོད་མི་ བཏབ་ལྕགས་ཨར་རྐུན་འབད་མི་ལུ་བརྟེན་ བསམ་རྩེ་རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༣ རེ་ བཀལ་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ བདེ་ཆེན་རྡོ་རྗེ་དང་ ཨ་མིར་ཨན་ས་རི་གིས་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༢༤ དང་༢༥ ལུ་ བསམ་རྩེའི་ས་གནས་ སཱལ་ཤིང་ལུ་ ལམ་སེལ་ལས་ཁུངས་ཀྱི་ གནས་སྐབས་མཛོད་ཁང་ནང་ལས་ ཐེངས་༢ ཨར་རྐུན་འབད་དེ་ ཟམ་བཟོ་སྐྲུན་དོན་ལུ་བཞག་ཡོད་མི་ བཏབ་ལྕགས་དང་ ཟམ་གྱི་དོན་ལུ་ ལག་ལེན་འཐབ་མི་ མདུད་ཕུད་བཏབ་མི་ལྕགས་ ལྗིད་ཚད་ཀི་ལོ་ག་རམ་༧༤.༩༠༠ དང་༥༩.༨༠༠ འབད་མི་ཚུ་ ཨར་རྐུན་འབད་དེ་ ས་གནས་ཅང་མ་རི་ལུ་ཡོད་མི་ ལྕགས་རག་རོ་བཙོང་སར་ དངུལ་ཀྲམ་༡༠༠༠ སྦེ་ བཙོང་ཡོདཔ་ཨིན་པས།
ཁོང་གཉིས་ཆ་ར་ ཨར་རྐུན་འབད་མི་ ཅ་ཆས་ཚུ་འབག་འགྱོ་བའི་ལམ་ཁར་ སཱལ་ཤིང་སུག་རོ་ཏི་ཟམ་པའི་ ཉེ་འདབས་ལུ་ལྷོདཔ་ད་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁོང་གིས་བྱ་ངན་འབད་མི་དེ་ སྤྱི་ལོ་༢༠༠༤ ཅན་མའི་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༢༣༥ ལས་འགལ་ཡོདཔ་ལས་ ཁྲིམས་དེབ་དེའི་དོན་ཚན་༢༣༥ ཀ་པ་དང་འཁྲིལ་ དབྱེ་རིམ་བཞི་པའི་ཉེས་ཆེན་དམའ་ཤོས་ལོ་༣ ལས་མཐོ་ཤོས་ལོ་༥ ཚུན་བཀལ་དགོ་པའི་ ཉེས་འཛུགས་འབད་ནུག།
བྱ་ངན་དེ་ལུ་ དབྱེ་ཞིབ་འབད་བའི་སྐབས་ ཁྲིམས་སྲུང་འགག་པ་གིས་ ཁོང་གཉིས་འཛིན་བཟུང་འབད་བའི་ཚེ་ ཅ་ཆས་ཚུ་ ཁོང་གཉིས་དང་སྦྲགས་ཐོབ་ཡོདཔ་ལས་ ཁྲིམས་འདུན་གྱིས་ ཁོང་གཉིས་ཀྱིས་འབད་མི་བྱ་ངན་དེ་ ཐེ་ཚོམ་ལས་གྲོལ་བའི་ སྒྲུབ་བྱེད་བྱུང་ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་ལུ་ རྒུད་འཐུས་སྤྲོད་དགོ་དང་ མི་དགོའི་ཐད་ཁར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཨར་རྐུན་འབད་མི་ཅ་ཆས་ཚུ་ བཙན་ལེན་འབད་བའི་ཤུལ་ལས་ ལོག་རྩིས་སྤྲོད་འབད་ཡོདཔ་ལས་ རྒུད་འཐུས་སོགས་ག་ནི་ཡང་ སྤྲོད་མི་དགོ་ནི་ཨིན་པས།
ཁོང་གཉིས་ སྤྱི་ཟླ་དང་པའི་ཚེས་༢༨ ལུ་ འཛིན་བཟུང་འབད་ཡོདཔ་ད་ ཁོང་གཉིས་ཀྱིས་འབད་མི་ བྱ་ངན་དེ་ མཚམས་མེད་ཀྱི་གནོད་འགེལ་ཨིནམ་ལས་ ཁྲིམས་འཐུས་བཏབ་མི་ཆོག་ནི་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

བཀྲིས་སྒང་མཁའ་གླིང་ བྱི་རི་ལས་མི་སྤྱི་འོག་ནང་ ཟམ་༢ རྐྱབ་དགོཔ་ཡོདཔ།

༉ གནམ་བྱཱར་ཆར་ཆུ་འབོར་བའི་སྐབས་དང་ ལ་མཐོ་ས་ཆརཔ་རྐྱབ་ད་ བཀྲིས་སྒང་མཁའ་གླིང་རྒེད་འོག་ བྱི་རི་ལས་མི་སྤྱི་འོག་གི་མི་སེར་ཚུ་ ཨ་རྟག་ར་ ཚང་གྱང་ལང་དགོཔ་ཐོན་དོ་ཡོདཔ་ཨིན་པས། དེ་ཡང་ ས་གནས་ ལ་ལུང་གྲང་ཟེར་ས་ལུ་ གཏན་འཇགས་ཀྱི་ ཟམ་ཅིག་མེད་མི་ལུ་བརྟེན་ རོང་ཆུ་བྲེས་འོངམ་ད་ འགྲོ་འགྲུལ་འབད་མི་གི་ ཚེ་སྲོག་ལུ་གནོད་ཉེན་ཡོདཔ་མ་ཚད་ …

Leave a Reply

Your email address will not be published. Required fields are marked *