འབྲུག་མཉམ་རུབ་ཚོགས་པའི་ འཐུས་མི་མར་བབས་ཐོག་༡༥༡ ལུ་ལྷོད་ཡོདཔ།

༉ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུ་མཇུག་བསྡུ་ཞིནམ་ལས་ སྲིད་དོན་ཚོགས་པ་ཚུ་གིས་ རང་སོའི་འཐུས་མི་ བདག་བཟུང་འབད་ཡོད་རུང་ གཞུང་སྐྱོང་ཚོགས་པ་ འབྲུག་མཉམ་རུབ་ཚོགས་པའི་འཐུས་མི་ མང་ཤོས་ཅིག་ ཚོགས་པའི་ཐོ་བཀོད་ནང་ལས་ ཕྱིར་ཐོན་འབད་ནུག།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ དུས་མཐུན་འཐུས་མིའི་ཐོ་ཚུ་ གསལ་སྟོན་འབད་མི་དང་འཁྲིལཝ་ད་ ད་རེས་ འབྲུག་མཉམ་རུབ་ཚོགས་པའི་ནང་ འཐུས་མི་སྦེ་ ངོ་རྐྱང་༡༥༡ རྐྱངམ་གཅིག་ཡོདཔ་སྦེ་བཀོད་ནུག།
སྤྱི་ལོ་༢༠༡༨ ལུ་ འབྲུག་མཉམ་རུབ་ཚོགས་པའི་ནང་ མི་༡༡,༣༨༣ གྱིས་ འཐུས་མི་སྦེ་ ཐོ་བཀོད་འབད་མི་དེ་ སྲིད་དོན་ཚོགས་པ་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིནམ་ད་ ད་རེས་ གཞུང་སྐྱོང་ཚོགས་པའི་ནང་ བསམ་རྩེ་རྫོང་ཁག་ལས་ ཚོགས་པའི་འཐུས་མི་༢༥ ཡོད་མི་དེ་ རྫོང་ཁག་༢༠ གི་གྲས་ལས་ མཐོ་ཤོས་ཅིག་ཨིན་པས།
ཚོགས་པའི་ནང་ བསམ་གྲུབ་ལྗོངས་མཁར་དང་ གཞལམ་སྒང་རྫོང་ཁང་ལས་ ཐོ་བཀོད་འབད་མི་ འཐུས་མི་ཕུད་རྡོག་གཅིག་ཡང་མེདཔ་ད་ སྲིད་དོན་ཚོགས་པའི་ བཅའ་ཡིག་དང་ སྒྲིག་གཞི་དང་འཁྲིལཝ་ད་ རྫོང་ཁག་ག་རའི་ནང་ ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
ཚོགས་པའི་ནང་ འཐུས་མི་མར་བབས་ སོང་མི་དེ་གིས་ འཐུས་མིའི་འཐུས་དང་ ཁས་བླངས་ཐོག་ལས་ མ་དངུལ་བྱིན་ནི་ལུ་ ཐོ་ཕོག་དོ་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཕུར་པ་གིས་ སླབ་མིའི་ནང་ འཐུས་མི་ལ་ལོ་ ས་གནས་གཞུང་གི་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་དང་ ལཱ་གཡོག་འཚོལ་ནིའི་དོན་ལུ་ འཐུས་མི་ལས་ དགོངས་ཞུ་འབད་ཡི་ཟེར་ཨིན་པས།
སྲིད་དོན་ཚོགས་པའི་ ལྟ་རྟོག་པ་ཚུ་གིས་ བཤད་མིའི་ནང་ ཚོགས་པའི་འཐུས་མི་ གཅིག་ཤུལ་གཉིས་ཤུལ་སྦེ་ དགོངས་ཞུ་འབད་མི་དེ་ གཞུང་སྐྱོང་ལུ་བརྟེན་ ཨིནམ་བཞིན་དུ་ ཕྱིའི་རྒྱལ་ཁབ་ནང་འབད་བ་ཅིན་ གལ་སྲིད་ སྲིད་དོན་ཚོགས་པ་ཅིག་ བཙག་འཐུ་གྲུབ་པ་ཅིན་ གཞུང་སྐྱོང་ཚོགས་པའི་ འཐུས་མི་ཡར་སེང་འགྱོ་ནི་ ཡོད་ཟེར་ཨིན་པས།

ཐོ་བཀོད་ཅན་གྱི་ འཐུས་མི་༡,༢༠༣།

 

ཐོ་བཀོད་ཅན་གྱི་ འཐུས་མི་༡༥༡།

ཐོ་བཀོད་ཅན་གྱི་འགྲོས་སྟངས།

སྲིད་དོན་ཚོགས་པ་༤ ལུ་ ཐོ་བཀོད་ཅན་གྱི་ འཐུས་མི་བསྡོམས་༡༢,༠༤༦ ཡོད་མི་དེ་ རྒྱལ་ཁབ་ཀྱི་ མི་རློབས་ཡོངས་བསྡོམ་ལས་ བརྒྱ་ཆ་༡.༧ ཨིནམ་ད་ སྤྱི་ལོ་༢༠༡༧ ལུ་ རྒྱལ་ཁབ་ཀྱི་ མི་རློབས་ཡོངས་བསྡོམ་༧༣༥,༥༥༣ ཡོད་མི་ལས་༦༨༡,༧༢༠ འབྲུག་མི་ཨིན་པས།
སྲིད་དོན་ཚོགས་པའི་འཐུས་མི་ མར་བབས་སོང་མི་དེ་ སྤྱི་ལོ་༢༠༡༨ ལུ་ དམངས་གཙེོའི་རིང་ལུགས་ཀྱི་ གཞུང་དང་པ་དབུ་བརྙེས་ཞིནམ་ལས་ འགོ་བཙུགས་མི་དེ་ཡང་ ས་གནས་གཞུང་གི་ བཙག་འཐུ་དང་ ལཱ་གཡོག་འཚོལ་ནི་ལུ་ དུས་ཚོད་དགོ་མི་ལུ་བརྟེན་ཨིན་པས།
སྲིད་དོན་ཚོགས་པ་གཞན་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་ དེ་ལས་ འབྲུག་ཀུན་མཉམ་ཚོགས་པའི་ འཐུས་མི་ག་ར་ བདག་བཟུང་འབད་དེ་ ཡོདཔ་ཨིན་པས།
ལྡོག་ཕྱོགས་ཚོགས་པའི་ནང་ ཐོ་བཀོད་ཅན་གྱི་ འཐུས་མི་༥,༥༠༠ ཡོད་མི་དེ་ བཙག་འཐུ་འགོ་འདྲེན་ མ་འཐབ་པའི་ཧེ་མར་ འཐུས་མི་༤,༧༠༥ ཡོད་མི་ལས་༦༡༣ ཡར་སེང་སོང་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་ལུ་ སྤྱི་ལོ་༢༠༡༨ ལུ་ ཐོ་བཀོད་ཅན་གྱི་ འཐུས་མི་༥,༥༢༠ ཡོད་མི་ལས་ ད་རེས་ འཐུས་མི་༥,༤༠༣ ཡོདཔ་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པ་ལུ་ བཙག་འཐུ་མ་འབད་བའི་ཧེ་མར་ འཐུས་མི་༡,༢༡༥ ཡོད་མི་དེ་ ད་རེས་ འཐུས་མི་༡,༢༠༣ ཡོདཔ་ལས་ དུམ་གྲ་ཅིག་ མར་བབས་སོང་ནུག།
ཁྲོམ་སྡེ་དང་ ས་གནས་གཞུང་གི་ བཙག་འཐུ་རན་ཡོདཔ་ལས་ ལྷག་པར་དུ་ སྲིད་དོན་ཚོགས་པའི་ འཐུས་མི་ཚུ་ མར་འབབ་འགྱོ་ནི་བཟུམ་ཡོདཔ་ད་ སྲིད་དོན་ཚོགས་པ་ཚུ་ལུ་ རྒྱབ་སྐྱོར་ཡོད་མེད་ འཐུས་མི་ཚུ་གིས་ ཁྱད་པར་བཟོ་དོ་ ཡོདཔ་ཨིན་པས།
ཨིན་རུང་ སྲིད་དོན་ཚོགས་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚོགས་པའི་འཐུས་མི་ལས་ དགོངས་ཞུ་འབད་མི་དེ་ ཚོགས་པ་ལུ་ རྒྱབ་སྐྱོར་མེདཔ་ མེན་ཟེར་ཨིན་པས།

ཐོ་བཀོད་ཅན་གྱི་ འཐུས་མི་༥,༥༠༠།
ཐོ་བཀོད་ཅན་གྱི་ འཐུས་མི་༥,༤༠༣།

འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་ཕུར་པ་གིས་ སླབ་མིའི་ནང་ འཐུས་མི་ལ་ལོ་ གནད་དོན་མ་འདྲཝ་ལུ་བརྟེན་ ཐོན་སོང་ཡོད་རུང་ མང་ཤོས་ར་ འཐུས་མི་སྦེ་ ཡོད་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་མང་ཤོས་ཅིག་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་མཇུག་བསྡུ་ཞིནམ་ལས་ ཐོན་སོང་ཡོདཔ་ལས་ དེ་བསྒང་ འཐུས་མི་༧༥ རྐྱངམ་གཅིག་ལུ་ ལྷོད་ཡོདཔ་ཨིན་པས།
བསམ་རྩེ་ལས་ འབྲུག་ཀུན་མཉམ་ཚོགས་པའི་འཐུས་མི་ ས་ཇཱན་རའི་གིས་ སླབ་མིའི་ནང་ ཚོགས་པའི་འཐུས་མི་སྦེ་ སྡོད་ནི་ལུ་ ཚོགས་པའི་ལྟ་བ་ལུ་ བལྟ་སྟེ་དང་ ཚོགས་པའི་ནང་ འཐུས་མི་སྦེ་ སྡོད་ཞིནམ་ལས་ ཁོ་ལུ་ ཡོན་ཏན་ཐོབ་ཅི་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ འཐུས་མི་ཅིག་གིས་ སླབ་མིའི་ནང་ འཐུས་མི་ལས་ དགོངས་ཞུ་མ་འབད་མི་དེ་ ཤུལ་མའི་བཙག་འཐུ་གི་ འོས་འབབ་ལུ་བལྟ་སྟེ་ ཨིན་མི་དེ་ཡང་ ཁོ་རའི་ ཚོགས་པ་དེ་ བཙག་འཐུ་འགྲུབ་ནི་ལུ་ གོ་སྐབས་སྦོམ་ཡོད་ཟེར་ཨིན་པས།
ལྟ་རྟོག་པ་ལ་ལོ་ཅིག་གིས་ གཞུང་གི་ལས་དོན་དང་འཁྲིལ་ཏེ་ འཐུས་མི་ལས་ དགོངས་ཞུ་འབདཝ་མས་ཟེར་ བཤད་པའི་ཁར་ གཞུང་གིས་ མངོན་གསལ་ཆེ་བའི་ གྲུབ་འབྲས་འཐོན་ནི་མེདཔ་ད་ མི་སེར་ཚུ་ལས་ སྐྱོན་བརྗོད་འབད་བའི་བསྒང་ལས་ འཐུས་མི་སྦེ་ སྡོད་ནི་ལུ་ བློ་མི་བདེ་བས་ཟེར་ བཤདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ སྲིད་དོན་ཚོགས་པ་ཚུ་གི་གྲས་ལས་ འབྲུག་མཉམ་རུབ་ཚོགས་པའི་ནང་ འཐུས་མི་མངམ་ཡོད་མི་ལུ་བརྟེན་ སྤྱི་ལོ་༢༠༡༨ ལུ་ གཞུང་སྐྱོང་པ་སྦེ་ བཙག་འཐུ་གྲུབ་ཅི་ཟེར་ཨིན་པས།
སྲིད་དོན་ཚོགས་པ་གསརཔ་༢ ཀྱིས་ བཙག་འཐུ་ལྷན་ཚོགས་དང་ ཐོ་བཀོད་འབད་ནི་གི་ དཔའ་བཅམ་ཡོད་རུང་ རྫོང་ཁག་༢༠ ནང་ རྒྱབ་སྐྱོར་གྱི་ འཐུས་མི་མེདཔ་ལས་ ཐོ་བཀོད་གྲུབ་ མ་ཚུགསཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་སེར་རང་དབང་གི་ཉིནམ་ ཐེངས་༧༡ པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྒྱལ་པོའི་གཟིམ་དཔོན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *