བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་མཆོག་གིས་ གཞུང་སྐྱོང་སྟེ་ ལོ་༡ འཁོར་བའི་ གྲུབ་འབྲས་སྐོར་ལས་ གསལ་བཤད་གནང་པའི་བསྒང་།།

འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་སྟེ་ ད་རིས་ ལོ་༡ ལང་ཡོདཔ།

༉ འབྲུག་མཉམ་རུབ་ཚོགས་པའི་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནིའི་ ལྟ་བ་ལུ་བརྟེན་ མི་སེར་ཚུ་གིས་ བཙག་འཐུ་འབད་དེ་ གཞུང་སྐྱོང་ནིའི་ གོ་སྐབས་ཐོབ་ནུག།
ད་རིས་ གཞུང་སྐྱོང་སྟེ་ ལོ་༡ ལང་ཡོདཔ་བཞིན་དུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ བཤད་མིའི་ནང་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་དེ་ གཞུང་གིས་ སེམས་ཁར་བཞག་སྟེ་ཡོད་པའི་ གྲོས་གཞི་གཙོ་ཅན་སྦེ་ ངོས་ལེན་འབད་དེ་ ལཱ་འབད་དོ་ཟེར་ཨིན་པས།
ཨིན་རུང་ ང་བཅས་ཀྱིས་ གཞུང་སྐྱོང་སྟེ་ ལོ་༡ ལང་རུང་ མང་ཤོས་ཅིག་གིས་ མི་ག་ར་ འདྲན་འདྲ་བཟོ་ནི་དང་ འོང་འབབ་ཀྱི་ཁྱད་པར་རྐྱངམ་གཅིག་ མནོ་བསམ་བཏང་དོ་ཡོད་པའི་ ཚོང་སྣང་འདུག་ཟེར་ བློན་ཆེན་གྱིས་ བཤད་ཅི།
ང་གིས་འབད་བ་ཅིན་ ངོས་ལེན་མེད་ཟེར་ཨིནམ་ད་ བློན་ཆེན་གྱིས་ དཔེ་བཟུམ་ཅིག་སྦེ་ གསུངས་མིའི་ནང་ གསོ་བའི་ཞབས་ཏོག་འཐོབ་ཚུགསཔ་བཟོ་ནི་དང་ གསོ་བའི་ཞབས་ཏོག་བྱིན་རུང་ ཞབས་ཏོག་ཐོབ་མ་ཐོབ་ཀྱི་ ཁྱད་པར་ཡང་ ཡོད་ཟེར་ཨིན་པས།
ཐིམ་ཕུག་ལུ་འབད་བ་ཅིན་ ཐིམ་ཕུག་སྨན་ཁང་ནང་ མཁས་མཆོག་གི་ ཞབས་ཏོག་ཐོབ་སྟེ་ཡོདཔ་ད་ གྲོང་གསེབ་ནང་འབད་བ་ཅིན་ གཞི་རྟེན་སྨན་ཁང་གི་ ཞབས་ཏོག་ཚུ་ཡང་ འཐོབ་ཚུགས་པར་ ལཱ་ཁག་བཏང་མི་ཡོད་ཟེར་ཨིན་པས།
ཤེས་རིག་ཐད་ཁར་འབད་རུང་ ང་བཅས་ཀྱིས་ སྦྱོང་བརྡར་ག་ཅི་བྱིན་དོ་ག་དང་ མ་འོངས་པ་ལུ་ དགོས་མཁོ་ག་ཅི་ཡོདཔ་ཨིན་ན་ དེ་ཚུའི་ཁྱད་པར་ཚུ་གི་སྐོར་ལས་ བཤད་དོ་ཟེར་ཨིནམ་ད་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནིའི་ གཞི་རྩ་ངོ་མ་དེ་ར་ ཞི་གཡོག་པའི་དངུལ་ཕོགས ་ཡར་སེང་ལུ་ཡོད་ཟེར་ ཨིན་པས།
ཞི་གཡོག་པའི་དངུལ་ཕོགས་ཚུ་ཡང་ བརྒྱ་ཆ་ལས་བཅད་པ་ཅིན་ གོ་གནས་སྦོམ་ཚུ་ལུ་ ཡར་སེང་ཉུང་སུ་དང་ གོ་གནས་ཆུང་ཀུ་ཚུ་ལུ་ ཡར་སེང་མཐོ་སུ་འབད་བའི་ཁར་ ཁང་གླའི་འཐུས་འབད་རུང་ དངུལ་ཀྲམ་༣,༥༠༠ ལུ་ ཡར་སེང་འབད་ཡི་ཟེར་ཨིན་པས།
དེ་ལས་ རྒྱབ་སྐྱོར་ལས་བྱེདཔ་ ཨེས་པི་དང་ ཇི་ཨེས་པི་ཚུ་ ལཱ་འབད་བའི་སྐབས་ དངུལ་ཕོགས་ཚད་ཅིག་ལས་བརྒལ་མེད་པའི་ཁར་ དགོངས་ཞུ་འགྱོཝ་ད་ ག་ཅི་ཡང་ འབག་ནི་མེདཔ་ལས་ འཚོ་རྟེན་མ་དངུལ་གྱི་ ལམ་ལུགས་ཅིག་ཡང་ བཟོ་ཡི་ཟེར་ བློན་ཆེན་གྱིས་ བཤད་ཅི།
ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་གི་ བསམ་གཞི་དེ་ ང་གིས་འབད་བ་ཅིན་ མ་འོངས་མི་ཚེ་ནང་ ཕན་ཐོགས་ནིའི་ལམ་ལུགས་དེ་ འགོ་བཙུགས་ཡི་ཟེར་ཨིནམ་ད་ དངུལ་ཕོགས་ཡར་སེང་གིས་ ཞི་གཡོག་རྐྱངམ་གཅིག་ལུ་ ཕན་ཐོགས་བྱུངམ་མས་ཟེར་ཨིནམ་ད་ སྒེར༌སྡེ༌ལུ༌ དངུལ༌རྐྱང༌སེམས་ཤུགས་ བྱིན༌ནི༌མེད༌མི༌ལུ༌ དུམ་གྲ་ཅིག་ བློ་ཕམ་བྱུང་ཡི་ཟེར་ཨིན་པས།
ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་ཟེརཝ་ད་ ག་ར་ལུ་ འདྲན་འདྲ་སྦེ་ འབོར་ཚད་བྱིན་དགོཔ་སྦེ་མེད་ཟེར་ཨིནམ་ད་ ལཱ་མང་སུ་འབད་མི་དང་ ལྕོགས་གྲུབ་ཡོད་མི་ཚུ་ལུ་ འབོར་ཚད་ཚུ་ཡང་ ལེགས་ཤོམ་བྱིན་པ་ཅིན་ ཁྱད་པར་བསུབ་ཚུགས་ག་ཟེར་ ཨིན་པས།
གཞུང་གིས་ ལོ་བསྟར་བཞིན་དུ་ ལཱ་གཡོག་ས་སྟོང་༥,༠༠༠ བཟོ་ནིའི་ ཁས་བླངས་འབད་མི་ཐད་ཁར་ བློན་ཆེན་གྱིས་ གསུངས་མིའི་ནང་ ལཱ་གཡོག་མེད་པའི་གནད་དོན་དེ་ དཀའ་ངལ་ཅན་ཅིག་ཨིན་ཟེར་ཨིནམ་ད་ གལ་སྲིད་ རིགཔ་འགྱིམ་སྟེ་མ་འབད་བ་ཅིན་ དཀའ་ངལ་སྦོམ་འཐོན་འོང་ཟེར་ ཨིན་པས།
ང་བཅས་ཀྱིས་ ལཱ་གཡོག་མེད་པའི་ གནད་དོན་སྐོར་ལས་ ལོ་རྒྱུས་སླབ་པའི་སྐབས་ ལཱ་གཡོག་ནང་ འཛུལ་ཞུགས་འབད་ནི་ཨིན་མི་ཚུ་ལུ་ ཚ་གྱང་སྦོམ་སྦེ་ར་ ལང་སྟེ་ཡོད་པའི་ཁར་ ལཱ་གཡོག་ནང་འཛུལ་ཏེ་ ལཱ་འབད་མི་ཚུ་ རང་སོའི་བློ་འདོད་དང་འཁྲིལ་ཏེ་ དངུལ་ཕོགས་འཐོབ་ནི་མེད་མི་ལུ་ ཚ་གྱང་སྦོམ་ཤོས་ཅིག་ཨིན་ཟེར་ཨིན་པས།
ང་བཅས་ཀྱིས་ ཁས་བླངས་འབདཝ་བཞིན་དུ་ ལཱ་གཡོག་གི་གྱངས་ཁ་རྐྱབ་ཐོག་ལས་ དམིགས་གཏད་འགྲུབ་ནི་ལུ་ སྤྲོ་བ་མེད་ཟེར་ཨིནམ་ད་ ལོ་༡ གི་ནང་འཁོད་ལུ་ ལཱ་གཡོག་ག་དེམ་ཅིག་ བཟོ་ཡོདཔ་ཨིན་ན་ གྱངས་ཁ་རྐྱབ་མ་བལྟ་ཟེར་ ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ ལཱ་གཡོག་མ་ཐོབ་མི་དང་ ལཱ་གཡོག་ནང་འཛུལ་ནི་ཨིན་མི་ དཀའ་ངལ་སེལ་ཐབས་ལུ་ ཁྱད་རིག་ལྡནམ་སྦེ་ ལག་ཤེས་དང་འཕྲུལ་རིག་གི་ གོ་སྐབས་བཟོ་སྟེ་ཡོད་ཟེར་ཨིནམ་ད་ ང་བཅས་ཀྱིས་ ལཱ་གཡོག་ས་སྟོང་༥,༠༠༠ བཟོ་ནིའི་ ཁས་བླངས་འབད་མི་དེ་ འགྲུབ་མ་ཚུགས་པ་ཅིན་ སྐྱོན་བརྗོད་མི་ལུ་ ངོས་ལེན་ཡོད་ཟེར་ཨིན་པས།
ཨིན་རུང་ གཞུང་གི་གནས་ཡུན་ མཇུག་བསྡུ་ཞིནམ་ལས་ ཁས་བླངས་འབད་མི་ལས་ལྷག་སྟེ་ བཟོ་ཚུགས་ཟེར་ཨིནམ་ད་ དཀའ་ངལ་དེ་ཡང་ ཁྱད་རིག་དང་ལྡནམ་སྦེ་ བསལ་ནི་ལུ་ བཀོད་སྒྲིག་བཟོ་སྟེ་ཡོད་པའི་ཁར་ ཤེས་རིག་ལུ་གཙོ་རིམ་བསྒྲིག་སྟེ་ ན་གཞོན་ཚུ་གིས་ཐོབ་མི་ རིག་རྩལ་དང་ ལཱ་གཡོག་ས་ཁོངས་ནང་ ག་ཅི་དགོས་མཁོ་ཡོདཔ་ཨིན་ནའི་ རིག་རྩལ་༢ ཆ་མཐུན་བཟོ་ནི་དང་ ལཱ་གཡོག་གི་དགོས་མཁོ་དང་ རིག་རྩལ་ཡར་སེང་འབད་འོང་ཟེར་ཨིན་པས།
ད་ལྟོ་ གཞུང་གིས་འབད་མི་དེ་ཡང་ མ་འོངས་པ་ལུ་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ མར་ཕབ་འབད་ཚུགས་ནིའི་དོན་ལུ་ཨིན་ཟེར་ཨིནམ་ད་ ལས་སྣ་ཚུ་ གཞི་བཙུགས་འབད་མི་ལུ་ སེམས་དགའ་སྟེ་ཡོདཔ་བཞིན་དུ་ ལོ་༡ ནང་ ལཱ་གཡོག་གི་ས་སྟོང་༥༠༠ དེ་ཅིག་ བཟོ་ཡོདཔ་མ་ཚད་ མདུན་ལམ་དེ་ཡང་ དྭངས་གསལ་སྦེ་ བཟོ་སྟེ་ཡོད་ཟེར་ བློན་ཆེན་གྱིས་བཤད་ཅི།
བློན་ཆེན་གྱིས་ གསུངས་མིའི་ནང་ གཞི་རྟེན་དང་ འབྲིང་རིམ་གི་ གསོ་བའི་འཕྲོད་བསྟེན་གྱི་ ཁྱད་པར་ཉུང་སུ་བཟོ་ནི་ལུ་ རྩ་འགེངས་དོ་ཟེར་ཨིནམ་ད་ གསོ་བའི་དམིགས་འཆར་དེ་ཡང་ སྐྱེ་རྒ་ན་འཆིའི་ཐོག་ལུ་ འགྱོ་དོ་ཟེར་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ སྐྱེཝ་ད་ དཀའ་ངལ་དང་ ལོ་རྒས་ནི་དང་ ན་ཚ་ཕོག་པའི་སྐབས་ ག་དེ་སྦེ་ རྒྱབ་སྐྱོར་བྱིན་ནི་ཨིན་ན་ཚུ་ བལྟ་དོ་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ གཞི་རྟེན་གྱི་ གསོ་བའི་ཞབས་ཏོག་ཐད་ལུ་ ལེགས་ཤོམ་ཡོད་རུང་ ལོ་༢༠ གི་ཧེ་མའི་ གསོ་བའི་ གཞི་རྟེན་ཞབས་ཏོག་དང་ ད་ལྟོའི་ གནས་སྟངས་དུམ་གྲ་ཅིག་ མི་འདྲ་ཟེར་ཨིན་པས།
བཙག་འཐུའི་སྐབས་ ང་བཅས་ཀྱིས་ སྐྱེས་མའི་འཐུས་བྱིན་ནི་ཨིན་ཟེར་ སླབ་མི་དེ་ བསྒྱུར་བཅོས་འབད་དེ་ ཨ་ལོ་ཕོཝ་ནང་ ཆགས་པའི་ནམ་དུས་ལས་ ལོ་༢ མ་ལང་ཚུན་ བདག་འཛིན་འཐབ་ནི་སྦེ་ ལས་རིམ་བཟོ་མི་དེ་གིས་ དམིགས་བསལ་གྱི་ གསོ་བའི་ལས་རིམ་དེ་གིས་ བདག་འཛིན་འཐབ་ཚུགས་ཟེར་ཨིན་པས།
གསོ་བའི་ དམིགས་བསལ་ལས་རིམ་ནང་ སྐྱེ་སྒོ་དང་ ཨོམ་ དེ་ལས་ ཕོཝ་གི་ཀེན་སར་ཚུ་ སྔོན་འགོག་དང་ ཧ་སུ་སྦེ་ ངོས་འཛིན་འབད་ནིའི་དོན་ལུ་ འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༡.༣ བཞག་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *