ཕུན་ཚོགས་གླིང་ལུ་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ འདབ་མ་ཀོ་པི་ཕད་ཙེ་༡,༣༠༠ དེ་ཅིག་ བཙོང་མ་ཚུགས་པར་ལུས་ནུག།

འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ འདབ་མ་ཀོ་པི་ ཚོང་འབྲེལ་འཐབ་ནི་ལུ་གདོང་ལེན་བྱུང་ཡོདཔ།

༉ ད་རེས་ནངས་པར་ རྒྱ་གར་ས་མཚམས་ཚུ་ནང་ དར་ཇི་གླིང་དང་ ཤི་ལོང་གི་ འདབ་མ་ཀོ་པི་ཚོད་བསྲེ་འབོར་ཆེ་ཏོག་ཏོ་སྦེ་ ཐོན་མི་ལུ་བརྟེན་ ཕུན་ཚོགས་གླིང་ འབྲུགབཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ འདབ་མ་ཀོ་པི་ཕྱིར་ཚོང་འཐབ་མ་ཚུགས་པར་ ལཱ་ཁག་བཏང་སྟེ་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༤ ཚུན་ རིན་བསྡུར་ཁང་ནང་ འདབ་མ་ཀོ་པི་ ཕད་ཙེ་༡,༣༠༠ དེ་ཅིག་ བཙོང་མ་ཚུགས་པར་ ལུས་མི་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༡ ལས་ གོང་ཚད་བདེ་སྒྲིག་འབད་མ་ཚུགས་པར་ སྒུགཔ་ཨིན་པས།
ལས་འཛིན་གྱིས་ འདབ་མ་ཀོ་པི་ཚུ་ཡང་ ཆུ་ཁ་དང་ སྤ་རོ་ ཧཱ་ དེ་ལས་ ཐིམ་ཕུག་གི་ སོ་ནམ་པ་ཚུ་ལས་ ལོག་ཉོ་ནིའི་ ལམ་ལུགས་གསརཔ་ བཟོ་མིའི་ཐོག་ལས་ ཉོ་ཡོདཔ་ཨིན་པས།
རྒྱ་གར་ས་མཚམས་ཀྱི་ ཚོང་པ་ཚུ་གིས་ ཀོ་པི་ཀེ་ཇི་རེ་ལུ་ དངུལ་ཀྲམ་༥.༥ དང་༡༠ གྱི་བར་ན་མ་གཏོགས་ མི་བྱིན་དོ་ཡོདཔ་ད་ ལས་འཛིན་གྱིས་ སོ་ནམ་པ་ཚུ་ལས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ སྦེ་ ཉོ་ཡོདཔ་ཨིན་པས།
རིན་བསྡུར་ཁང་གི་ འཛིན་སྐྱོང་པ་ ཨོ་རྒྱན་དཔལ་འབྱོར་གྱིས་ སླབ་མིའི་ནང་ འདབ་མ་ཀོ་པི་ ཚོང་འབྲེལ་འཐབ་མ་ཚུགས་པའི་ དཀའ་ངལ་དེ་ སྤྱི་ཟླ་༧ པའི་ཟླ་ཕྱེད་ཚུན་ འབྱུང་འོང་ཟེར་ཨིནམ་ད་ ད་རེས་ རྒྱ་གར་གྱི་ ནང་འདྲེན་པ་ཚུ་དང་ ཀོ་པི་གི་ གོང་ཚད་ཚུ་ བདེ་སྒྲིག་འབད་དེ་ བཙོང་ནི་གི་ དཔའ་བཅམ་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་པའི་འདབ་མ་ཀོ་པི་ བརྒྱ་ཆ་༦༠ དེ་ཅིག་ སི་ལི་གུ་རི་ལུ་ ཕྱིར་ཚོང་འཐབ་དོ་ཡོད་རུང་ ཚོང་ལམ་དེ་ སྤྱི་ཟླ་༧ པའི་བདུན་ཕྲག་དང་པ་ལས་བརྒལ་ མི་ཕྱེ་ནི་མས་ཟེར་ཨིནམ་ད་ ནུབ་བེང་གཱལ་མངའ་སྡེ་ནང་ཡང་ བཙོང་དོ་ཡོད་རུང་ ད་རེས་ ནད་ཡམས་ལུ་བརྟེན་ སྒོ་བསྡམས་ཏེ་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༨ ལས་ ལས་འཛིན་གྱིས་ ཚོད་བསྲེ་ལོག་ཉོ་ནི་གི་ ལམ་ལུགས་དེ་ སྤྱིར་བསྡོམས་ལྟེ་བ་ འགྲམ་ཕུག་དང་ ཆུ་ཁ་ལུ་ བཟོ་ནི་ཨིནམ་ད་ ཆུ་ཁ་དང་ སྤ་རོ་ ཧཱ་ དེ་ལས་ ཐིམ་ཕུག་གི་ སོ་ནམ་པ་ཚུ་གིས་ ཐོན་སྐྱེད་ཚུ་ ལྟེ་བ་ལུ་ འབག་ཞིནམ་ལས་ ལས་འཛིན་གྱིས་ རིན་བསྡུར་ཁང་ནང་ འབག་འགྱོ་ནི་ཨིན་པས།
སོ་ནམ་པ་ཚུ་གིས་ ལྟེ་བ་ལས་ ཐད་ཀར་གྱི་ ཚོད་བསྲེ་གོང་ཚད་ཚུ་ འཐོབ་ནི་ཨིནམ་ད་ ལས་འཛིན་གྱིས་ ཐོན་སྐྱེད་ཀྱི་ སྐྱེལ་འདྲེན་ཟད་འགྲོ་བཏང་ཐོག་ལས་ རིན་བསྡུར་ཁང་ནང་ བསྐྱལ་ནི་ཨིན་པས།
ད་རེས་ སོ་ནམ་པ་ཚུ་གིས་ ཐོན་སྐྱེད་ལོག་ཉོ་ནིའི་ ལམ་ལུགས་ཀྱི་ གོང་ཚད་དེ་ལུ་ ཉོགས་བཤད་བཀོད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ལམ་ལུགས་ནང་ སོ་ནམ་ཐོན་སྐྱེད་རིགས་༢༤ དེ་ཅིག་ གསལ་བཀོད་འབད་དེ་ཡོདཔ་ཨིན་པས།
ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ སོ་ནམ་པ་མང་ཤོས་ཅིག་ལུ་ ཀེ་བའི་གོང་ཚད་ལུ་ ཉོགས་བཤད་བཀོད་དེ་ཡོད་མི་དེ་ཡང་ ཀེ་བ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༨ རེ་སྦེ་ བཟོ་མི་ལུ་བརྟེན་ཨིན་པས།
ཨོ་རྒྱན་དཔལ་འབྱོར་གྱིས་འབད་བ་ཅིན་ སོ་ནམ་པ་ཚུ་གིས་ སིལ་ཚོང་དང་ སྦུང་ཚོང་སྦེ་བཙོང་མིའི་ གོང་ཚད་ཀྱི་ ཁྱད་པར་ཡོད་པའི་སྐོར་ ཤེས་དགོཔ་དེ་ གལ་ཆེ་ཟེར་ཨིནམ་ད་ རིན་བསྡུར་ཁང་ནང་ ཐོན་སྐྱེད་བཙོང་པའི་སྐབས་ དོ་ཕབ་བཀལ་གྱི་གླ་འཐུས་ བརྒྱ་ཆ་༣.༥ ཕོག་སྲོལ་ཡོད་མི་ཡང་ མེདཔ་བཟོ་ཡི་ཟེར་ཨིན་པས།
ལས་འཛིན་གྱི་ ཞབས་ཏོག་ལས་ཁུངས་ཀྱི་མདོ་ཆེན་ ལྷག་པ་ཤེར་པ་གིས་ སླབ་མིའི་ནང་ སོ་ནམ་པ་ཚུ་གིས་ ད་ལྟོའི་གནས་སྟངས་སྐོར་ལས་ ཤེས་དགོ་མི་དེ་ཡང་ སོ་ནམ་པ་ཚུ་ལས་ འདབ་མ་ཀོ་པི་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ རེ་སྦེ་ཉོ་སྟེ་ ད་རེས་ དངུལ་ཀྲམ་༥.༥ རེ་སྦེ་ གྱོང་རྒུད་ཐོག་ བཙོང་དོ་ཟེར་ཨིན་པས།
གལ་སྲིད་ ཀེ་བའི་གོང་ཚད་དེ་ ཡར་སེང་འགྱོ་བ་ཅིན་ གྱོང་རྒུད་ཕོག་མི་ཚུ་ བསུབ་ཚུགས་ནི་མས་ཟེར་ཨིནམ་ད་ སོ་ནམ་པ་ཚུ་གིས་ ནང་འཁོད་ལུ་ གོང་ཚད་མངམ་ཐོབ་མི་ ཚོང་ལམ་ཚུ་ཡང་ འཚོལ་ཞིབ་འབད་དགོ་ཟེར་ ལྷག་པ་ཤེར་པ་གིས་ བཤདཔ་ཨིན་པས།
ཕུན་ཚོགས་གླིང་ རིན་བསྡུར་ཁང་གིས་ ནཧིང་ འདབ་མ་ཀོ་པི་ མེ་ཊིག་ཊཱན་༢,༤༩༧ དང་ ཀེ་བ་མེ་ཊིག་ཊཱན་༢༧,༡༡༣ དེ་ཅིག་ བཙོང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *