ཨ་ལཱན་ཅི།

འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ སོ་ནམ་པ་ཚུ་ལས་ ཨ་ལཱན་ཅི་མེ་ཊིག་ཊཱན་༥༠.༢ ཉོ་ཡོདཔ།

༉ སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ལས་ཁུངས་ཀྱི་ ལོ་བསྟར་སྙན་ཞུ་༢༠༡༨-༡༩ ཅན་མ་དང་འཁྲིལཝ་ད་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ རྩིས་ལོ་དེ་ནང་ དངུལ་ཀྲམ་ས་ཡ་༢༠.༧༥ གནས་པའི་ ཨ་ལཱན་ཅི་ཐོན་སྐྱེད་ མེ་ཊིག་ཊཱན་༥༠.༢ དེ་ཅིག་ མཁོ་སྒྲུབ་འབད་ནུག།
སོ་ནམ་པ་ལས་ ཨ་ལཱན་ཅི་ཚུ་ཡང་ གཞུང་གིས་ སོ་ནམ་གྱི་ ཐོན་སྐྱེད་ཚུ་ ལོག་ཉོ་ནིའི་ ལམ་ལུགས་ཐོག་ལུ་ ལས་འཛིན་གྱིས་ ཉོ་ཡོདཔ་ད་ ལམ་ལུགས་དེ་ སོ་ནམ་ཐོན་སྐྱེད་ཚུ་ བཙོང་ནི་གི་ ས་གོ་མེད་པའི་ དཀའ་ངལ་ཐོན་པའི་སྐབས་ གཞུང་གིས་ རྒྱབ་སྐྱོར་བྱིན་ནི་གི་ ཐབས་ལམ་ཅིག་ཨིན་པས།
ཐོན་སྐྱེད་ཚུ་ ལམ་ལུགས་ནང་ རྩིས་ཐོ་བཀོད་དགོཔ་བཞིན་དུ་ ལམ་ལུགས་ཀྱི་ གོང་ཚད་དེ་ཡང་ འབྲེལ་ཡོད་ལས་སྡེ་ཚུ་ཡོད་མི་ ཐབས་རིག་ཚོགས་ཆུང་གིས་ ལོ་བསྟར་བཞིན་དུ་ བཟོ་དོ་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ རྩིས་ལོ་དེ་ནང་ ཨ་ལཱན་ཅིའི་ གོང་ཚད་ཚུ་ མར་བབས་སོང་མི་ལུ་བརྟེན་ སོ་ནམ་པ་ཚུ་ལུ་ དངུལ་འབྲེལ་གྱི་ དཀའ་ངལ་བྱུང་ཡི་ཟེར་ཨིནམ་ད་ ལམ་ལུགས་དེ་གིས་ ཨ་ལཱན་ཅི་འཛུགས་སྐྱོང་འབད་མི་ དར་དཀར་ནང་དང་ གཞལམ་སྒང་ ཆུ་ཁ་ བསམ་རྩེ་ གསར་སྤང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ རྩི་རང་བརྩིས་ཏེ་ རྫོང་ཁག་༨ ཀྱི་ སོ་ནམ་པ་༥༤༩ ལུ་ ཁེ་ཕན་བྱུང་སྟེ་ཡོདཔ་བཞིན་དུ་ ཨ་ལཱན་ཅི་ཚུ་ཡང་ ལས་འཛིན་གྱིས་ ཕྱིར་ཚོང་ ཡང་ཅིན་ མི་སྡེའི་ནང་ བཙོང་དོ་ཡོདཔ་ཨིན་པས།
མ་གཞི་ རྫོང་ཁག་གཞན་དང་ཕྱདཔ་ད་ དར་དཀར་ནང་རྫོང་ཁག་གིས་ ལོ་དེ་ནང་ ཨ་ལཱན་ཅི་ མེ་ཊིག་ཊཱན་༢༠.༦༦ དེ་ཅིག་ བཙོང་ཡོད་རུང་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༠༥.༠༩ ལས་བརྒལ་ ཐོབ་མ་ཚུགས་པས།
ཀྲོང་གསར་རྫོང་ཁག་གིས་ སོ་ནམ་ཐོན་སྐྱེད་ གཞུང་གིས་ ལོག་ཉོ་ནིའི་ ལམ་ལུགས་ནང་ ཨ་ལཱན་ཅི་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༣༣.༢༥ སྦེ་ བཙོང་མི་དེ་ རྫོང་ཁག་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིན་མི་དེ་ཡང་ དངུལ་ཀྲམ་༣༠༥,༠༤༣ གནས་པའི་ ཨ་ལཱན་ཅི་ ཀེ་ཇི་༣,༠༠༩.༡༤ ལས་འཛིན་ལུ་བཙོང་ནུག།
བསམ་གྲུབ་ལྗོངས་མཁར་རྫོང་ཁག་གིས་ དངུལ་ཀྲམ་ས་ཡ་༢.༢༨༢ ལྷགཔ་ཅིག་གནས་པའི་ ཨ་ལཱན་ཅི་ཀེ་ཇི་༥,༦༤༨.༩ དང་ གསར་སྤང་རྫོང་ཁག་གིས་འབད་བ་ཅིན་ ཨ་ལཱན་ཅི་ ཀེ་ཇི་༣,༡༢༧.༣༠ དེ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༢༤.༤༢ སྦེ་ བཙོང་ཡོདཔ་ཨིན་པས།
དེ་ལས་ གཞལམ་སྒང་རྫོང་ཁག་གི་ མི་སེར་ཚུ་གིས་ ཨ་ལཱན་ཅི་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༢༢.༢༥ སྦེ་ ཀེ་ཇི་༧,༤༩༤ བཙོང་ཡོདཔ་ད་ ཆུ་ཁ་རྫོང་ཁག་གིས་ ཨ་ལཱན་ཅི་ ཀེ་ཇི་༡,༩༢༨ བཙོང་ཐོག་ལས་ དངུལ་ཀྲམ་༨༡༩,༨༧༡ དེ་ཅིག་ བཟོ་ཡོདཔ་བཞིན་དུ་ བསམ་རྩེ་རྫོང་ཁག་གིས་ ཀེ་ཇི་༡,༦༣༧ བཙོང་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ ལུ་ རྒྱ་གར་ལུ་ འགོ་དང་པ་ ཅ་དངོས་ཞབས་ཏོག་གི་ ཁྲལ་འགོ་བཙུགས་པའི་ཤུལ་ལས་ ས་མཚམས་སྒོ་ར་ནང་ ཡིག་ཆ་གསལ་སྟོན་གྱི་ གནད་དོན་བྱུང་མི་ལུ་བརྟེན་ འབྲུག་པའི་ ཨ་ལཱན་ཅི་ཚུ་ རྒྱ་གར་ལུ་ བཙོང་ནི་དང་ བང་ལ་དེཤ་ལུ་ ཚོང་འབྲེལ་འཐབ་ནི་ལུ་ དཀའ་ངལ་བྱུང་ཡི་ཟེར་ཨིན་པས།
གནད་དོན་ཚུ་ སྤྱི་ལོ་༢༠༡༩ འགོ་བཙུགས་ཁམས་ལུ་ སེལ་ཐབས་འབད་ཚུགས་ཡོད་རུང་ ཨ་ལཱན་ཅི་གི་ གོང་ཚད་དེ་ དམའ་ཤོས་སྦེ་ར་ སྡོད་ཡོདཔ་ལས་ སོ་ནམ་ཐོན་སྐྱེད་ ལོག་ཉོ་ནིའི་ ལམ་ལུགས་ཐོག་ལས་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ སོ་ནམ་པ་ཚུ་ལས་ ཨ་ལཱན་ཅི་ཉོ་ནི་ འགོ་བཙུགས་ཅི་ཟེར་ སྙན་ཞུ་ནང་བཀོད་ནུག།
སྤྱི་ལོ་༢༠༡༨ ལུ་ ཀེ་བ་མེ་ཊིག་ཊཱན་༣༢,༣༢༧ རིན་བསྡུར་འབད་དེ་ མེ་ཊིག་ཊཱན་༢༤,༩༧༠ ཕྱིར་ཚོང་འཐབ་པའི་ཁར་ ཀེ་བ་མ་བརྩིས་བར་ ཚོད་བསྲེའི་རིགས་གཞན་ མེ་ཊིག་ཊཱན་༣,༤༦༤ རིན་བསྡུར་འབད་དེ་ མེ་ཊིག་ཊཱན་༡,༩༤༠ ཕྱིར་ཚོང་འབད་ནུག།
རྩིས་ལོ་དེ་ནང་ ཁ་སྐོང་ཅ་ཆས་ དངུལ་ཀྲམ་ས་ཡ་༨.༣ གནས་པའི་ བཞེས་སྒོ་དང་ སྤུས་ཚད་བརྟག་ཞིབ་ཅ་ཆས་ ཁྱེགས་སྒྲོམ་ དེ་ལས་ བཙུགས་ལྷོད་ཚུ་ མཁོ་སྒྲུབ་འབད་དེ་ འོས་འབབ་ཅན་གྱི་ སོ་ནམ་མཉམ་ལས་དང་ ལ་ལོ་ རྫོང་ཁག་སོ་ནམ་དང་ སྒོ་ནོར་ལས་སྡེ་ཚུ་ལུ་ བྱིན་ཡོདཔ་ཨིན་པས།
མི་སྡེ་ནང་ མཉམ་འབྲེལ་ཐོག་ལས་ ལཱ་འབད་བའི་སྐབས་ ཁེ་ཕན་ཅན་ཅིག་ མཐོང་ཡོདཔ་ལས་ རྩིས་ལོ་༢༠༡༨-༡༩ ནང་ སྡེ་ཚན་༩༩ གིས་ ཐོ་བཀོད་འབད་མི་ལས་ སྡེ་ཚན་༢༤ སྒོ་ནོར་དང་༧༢ སོ་ནམ་ དེ་ལས་ གཞན་ཚུ་ ནགས་ཚན་ཐོན་སྐྱེད་དང་འབྲེལ་བའི་ སྡེ་ཚན་ཡོདཔ་ཨིན་པས།
སོ་ནམ་གྱི་ ལཱ་འབད་ནི་ལུ་ ཨམ་སྲུ་ཚུ་གིས་ ལྷན་ཐབས་སྦོམ་སྦེ་ར་ འབད་དེ་ཡོད་མི་ལས་ མཉམ་ལས་སྡེ་ཚན་གྱི་ འཐུས་མི་གསརཔ་༡,༧༧༠ འཛུལ་མི་ལས་ བརྒྱ་ཆ་༥༢ དེ་ཅིག་ ཨམ་སྲུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཁྲིམས་སྲུང་འགག་པ་གིས་ ཆ་རོགས་ཅིག་ལུ་ གྱི་གསོབ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ སྐྱེས་ལོ་༢༠ ལང་མི་ ཁྲིམས་སྲུང་འགག་པ་གིས་ ཕུན་ཚོགས་གླིང་ལས་ སྐྱེས་ལོ་༢༣ ལང་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ གྱི་གསོབ་པའི་ཤུལ་ལས་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་སོཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *