འབྲུག་ཕུན་སུམ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པ་ གདམ་ཁ་རྐྱབ་དགོཔ?

སྔོན་འགྲོའི་གྲུབ་འབྲས་ཚུ་ལུ་ བལྟ་བ་ཅིན་ འབྲུག་མི་ཚུ་གིས་ སོར་བསྒྱུར་གྱི་དོན་ལུ་ སྲིད་དོན་ཚོགས་པ་གསརཔ་ འབྲུག་མཉམ་རུབ་ཚོགས་པ་དེ་ གདམ་ཁ་རྐྱབ་ཡོད་པའི་ བརྡ་མཚོན་གསལ་རིལ་རི་སྦེ་སྟོན་མི་དེ་ཡང་ སྤྱི་ཚོགས་ནང་ འགན་འཁྲི་མེད་རུང་ ཕྱི་ཁ་ལས་ སྒྱིད་ཐག་ཡངས་དྲགས་སྦེ་སྡོད་མི་ ཚོགས་པ་དེ་གིས་ ཚོགས་རྒྱན་གྱི་ གྱངས་ཁ་མཐོ་ཤོས་ཐོབ་ཅི།

མ་གཞི་ མཉམ་རུབ་ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་གིས་ དྲུང་འཚོ་སྦེ་ མི་སེར་ལེ་ཤ་ཅིག་ལུ་ གཤག་བཅོས་འབད་ཡོདཔ་མ་ཚད་ ནདཔ་ཚུ་གི་དོན་ལས་ ནམ་ར་ཨིན་རུང་ ཕྱད་ཆོག་ཆོ་ཡོད་ནི་དེ་གིས་ འབྲུག་མི་ཚུ་ལས་ བློ་གཏད་ཡིད་ཆེས་ ཐོབ་ཚུགས་ཡོད་པའི་ མངོན་གསལ་སྟོནམ་ཨིན་རུང་ ཧེ་མར་ གཞུང་སྐྱོང་གི་ ཕྱག་འགན་མཛད་པའི་ གནད་དོན་དང་ འཕྲལ་ཁམས་ཅིག་ཁར་ མི་སྡེ་བརྡ་བརྒྱུད་ཚུ་ནང་ གསལ་བཀོད་འབད་མི་ཚུ་ལུ་བརྟེན་ ཚོགས་པ་དེ་ལུ་ ཕན་ཁྱད་བྱུང་ཡོདཔ་ཨིན་པས།

ཐིམ་ཕུག་ལུ་ སྡོད་མི་ཅིག་གིས་ སླབ་མིའི་ནང་ ཁོ་གིས་ མཉམ་རུབ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་མི་དེ་ཡང་ སྲིད་ཚོགས་རྙིངམ་གཉིས་ཆ་ར་ དོ་འགྲན་ནང་ལས་ ཕམ་གཏང་ནིའི་དོན་ལུ་ཨིན་ཟེར་ཨིན་པས།

དེ་འབདཝ་ད་ ཁྲོམ་ཁར་དང་ གྲོང་གཡུས་ཚུ་ནང་སྡོད་མི་ཚུ་གིས་འབད་བ་ཅིན་ བུམ་ཐང་ཆོས་འཁོར་-སྟང་འདེམས་ཁོངས་ལས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་སྦེ་ དོ་འགྲན་འབད་མི་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ བརྡ་བརྒྱུདཔ་བགྲེསཔ་ ཟླ་བ་གིས་ བི་ཌིའོ་གློག་བརྙན་ཐུང་ཀུ་དེ་ མི་སྡེ་བརྡ་བརྒྱུད་ནང་བཙུགས་ཏེ་ ཁྱབ་སྤེལ་འབད་མི་ལུ་བལྟ་སྟེ་ སེམས་འཁྲུལ་སྣང་བྱུང་ཡི་ཟེར་ཨིན་པས།

འབྲུག་མཉམ་རུབ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པ་ལས་ འགྲེམ་ཐོག་ཚོགས་རྒྱན་ནང་ རྒྱལ་ཁ་སྦོམ་སྦེ་ ཐོབ་ཡོད་མི་དེ་ཡང་ མི་སེར་དམངས་གཙོ་ཚོགས་པ་དེ་ འཕྲུལ་ཆས་ཚོགས་རྒྱན་ནང་ རྒྱལ་ཁ་ཐོབ་ཡོད་རུང་ མཉམ་རུབ་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༡༣,༨༣༥ མངམ་ཐོབ་ནུག།

ཁམ་ཤིང་མེ་ཏོག་གིས་ སྐུལ་བསྒྲགས་རྒྱ་ཆེཝ་སྦེ་ འབད་ཡོདཔ་མ་ཚད་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་ད་ ཁ་བྱང་རྫུས་བཟོ་ཐོག་་ སྲིད་ཚོགས་གཞན་ཚུ་ལུ་ བརྙས་བཅོས་མ་འབད་མི་དེ་གིས་ སྲིད་ཚོགས་ལུ་ ཕན་ཁྱད་བྱུང་ཡོདཔ་ཨིན་པས།

འབྲུག་ཕུན་སུམ་ཚོགས་པ་ལུ་ཡང་ མི་སེར་དམངས་གཙོ་ཚོགས་པ་དང་ཕྱདཔ་ད་ འགྲེམ་ཐོག་ཚོགས་རྒྱན་གྱིས་ ཁྱད་པར་སྦོམ་བཟོ་ཡོདཔ་ད་ ཚོགས་པ་དེ་ཡང་ འཕྲུལ་ཆས་ཚོགས་རྒྱན་ནང་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་༣,༠༧༢ ཤོར་ཡོད་རུང་ འགྲེམ་ཐོག་ཚོགས་རྒྱན་༡༣,༢༠༩ ཐོབ་ནུག།

ད་རུང་ མི་ལེ་ཤ་ཅིག་གིས་ སླབ་མིའི་ནང་ ཚོགས་པ་དེ་ཡང་ འཕྲལ་ཁམས་ཅིག་ཁར་ མི་སྡེ་བརྡ་བརྒྱུད་ཚུ་ནང་ གསལ་བཀོད་འབད་མི་ཚུ་གིས་ ཕན་ཁྱད་བྱུང་ནུག་ཟེར་ཨིནམ་ད་ ཕུན་སུམ་ཚོགས་པའི་ རྒྱབ་འགལ་ལུ་ སྐུལ་བསྒྲགས་འདྲ་མིན་སྣ་ཚོགས་འབད་མི་དེ་གིས་ ཆརཔ་ཕར་ཁ་རྐྱབ་ད་ ཟིལཔ་ཚུར་ལྟ་ཕོག་ཟེར་ དཔེ་སླབ་སྲོལ་ཡོདཔ་བཟུམ་ ཡར་སོཔ་ལས་ མི་ཚུ་གི་ སྡི་ཆེ་སྟེ་ ཚོགས་རྒྱན་བཙུགས་ཡོདཔ་ འོང་ནི་མས་ཟེར་ ལས་འཛིན་ཅིག་ནང་ ལཱ་འབད་མི་ཅིག་གིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ཨིནམ།

༉ བསམ་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༤༧,༣༦༠ ཡོད་ས་ལས་ བརྒྱ་ཆ་༦༠.༣ གྱིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ གྱངས་ཁ་ཉུང་སུ་ཨིནམ་ད་ དེ་ཡང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་ལས་༢༨,༥༦༨ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་ཕྱདཔ་ད་ …

Leave a Reply

Your email address will not be published. Required fields are marked *