འབྲུག་པེཌ་སི་ སུ་པར་ལིག་ཕུཊ་བཱོལ་རྩེད་འགྲན་ འགོ་བཙུགས་ཡོདཔ།

༉ ད་རེས་ནངས་པར་ ཐིམ་ཕུག་ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ ཐེངས་དང་པ་འགོ་འདྲེན་འཐབ་མི་ སུ་པར་ལིག་ཕུཊ༌བཱོལ་འགྲན་བསྡུར་དེ་ ཐིམ་ཕུག་ལས་ སྡེ་ཚན་༧ དང་ སྤ་རོ་དང་ ཆུ་ཁ་རྫོང་ཁག་ལས་ སྡེ་ཚན་རེ་རེ་རྩིསཝ་ད་ སྡེ་ཚན་བསྡོམས་༩ གི་བར་ན་ རྩེད་འགྲན་འབད་བའི་བསྒང་འདུག།
སྤྱི་ཟླ་༤ པའི་ཚེས་༦ ལས་འགོ་བཙུགས་མི་ བྷུ་ཊཱན་པེཌ་སི་ སུ་པར་ལིག་ཕུཊ་བཱོལ་འགྲན་བསྡུར་ལས་ ད་ལྟོ་ཚུན་ འབྲུག་ཨིསི་ཊར་གྱིས་ སྐུགས་༡༨ ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ད་ ཨེཕ་སི་ཊཱག་ཀིན་དང་ ཕུན་ཚོགས་གླིང་སྡེ་ ཚན་གཉིས་ཀྱིས་ སྐུགས་༣ ལས་བརྒལ་ཐོབ་མ་ཚུགས་མི་དེ་ སྡེ་ཚན་རེ་རེ་ལས་བརྒལ་ རྒྱལ་ཁ་ཐོབ་མ་ཚུགས་པས།
དེ་བཟུམ་སྦེ་ ཁ་ཙ་ཕྱི་རུ་ སྤ་རོ་ཡུ་ནའེ་ཊེཌ་དང་ བྷུ་ཊཱན་ཨེ་ཀ་ཌ་མི་སྡེ་ཚན་ཁ་པ་༢ ཀྱི་བར་ན་ རྩེད་འགྲན་ འབད་བའི་སྐབས་ སྤ་རོ་ཡུ་ནའེ་ཊེཌ་གིས་ གཱོལ་༤ བཙུགས་ཏེ་ ཕམ་བཏངམ་ད་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་གཅིག་ཡང་ བཙུགས་མ་ཚུགས།
བྷུ་ཊཱན་སུ་པར་ལིག་ཟེར་ འགོ་དང་པ་ གཞི་བཙུགས་འབད་མི་དེ་ རྒྱལ་སྤྱི་ལམ་ལུགས་དང་འཁྲིལ་ཨིན་པའི་ཁར་ སྤྱི་ལོ་༢༠༡༨ ཚུན་ རྩེད་འགྲན་གྱི་མིང་གཏམ་དེ་ ཐིམ་ཕུག་ལིག་ཟེར་ བཞག་ཡོད་མི་དེ་ དུས་ཅི་ལས་ བྷུ་ཊཱན་སུ་པར་ལིག་ཟེར་ བཏགས་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེ་ལས་ འགྲན་བསྡུར་འགོ་འདྲེན་འཐབ་མི་འགོ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ སླབ་ མིའི་ནང་ དུས་ཅི་ སུ་པར་ལིག་རྩེད་འགྲན་ནང་ བཅའ་མར་གཏོགས་མི་སྡེ་ཚན་༩ ལས་ དྲག་ཤོས་འཐོན་མི་སྡེ་ ཚན་༥ དེ་ བུ་ཊཱན་པི་མ་རི་ལིག་གི་ སྡེ་ཚན་༤ པོ་དང་ དོ་འགྲན་འབད་ནིའི་གོ་སྐབས་ སྤྲོདཔ་ཨིན་ཟེར་ཨིན་པས།
བྷུ་ཊཱན་པི་མ་རི་ལིག་ནང་ ཐིམ་ཕུག་སི་ཊི་དང་ ཐིམ་ཕུག་ཨེཕ་སི་ དེ་ལས་ སྤ་རོ་རྫོང་ཁག་ལས་ སྤ་རོ་ཨེཕ་སི་སྡེ་ ཚན་དང་ སྤུ་ན་ཁ་རྫོང་ཁག་ལས་ ཨྱོན་ཨེ་ཀ་ཌ་མི་སྡེ་ཚན་ཚུ་ སྤྱི་ལོ་༢༠༡༨ ལུ་ སྡེ་ཚན་གཞན་ཚུ་དང་ དོ་འགྲན་འབདཝ་ད་ དྲག་ཤོས་ཐོན་ཡོདཔ་ཨིན་པས།
འགྲན་བསྡུར་འགོ་འདྲེན་འཐབ་མི་འགོ་དཔོན་ ཀུན་ལེགས་རྡོ་རྗེ་དང་འཁྲིལ་བ་ཅིན་ བྷུ་ཊཱན་སུ་པར་ལིག་ནང་ སྡེ་ཚན་གང་མང་ལྷོད་ནིའི་དོན་ལུ་ དུས་ཅི་ལས་ མོ་བཏབ་བཟུམ་སྦེ་ ཐིམ་ཕུག་དང་ སྤ་རོ་ སྤུ་ན་ཁ་ དེ་ལས་ ཆུ་ཁ་རྫོང་ཁག་ ཕུན་ཚོགས་གླིང་ལུ་སྦེ་ རྫོང་ཁག་ཕུཊ་བཱོལ་ལིག་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
རྩེད་འགྲན་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ རྫོང་ཁག་གཞན་ཚུ་ལས་ སྡེ་ཚན་བཟོ་སྟེ་ འོང་པ་ཅིན་ གོ་སྐབས་སྤྲོད་ནི་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ འགོ་དཔོན་དང་འཁྲིལ་བ་ཅིན་ འབྲུག་རྒྱལ་ཁབ་ནང་ ཕུཊ་བཱོལ་གྱི་རྩེདམོ་ ཡོངས་གྲངས་ཐོན་མི་དེ་ ད་རེས་ནངས་པར་ རྫོང་ཁག་༢༠ ལས་ མོང་སྒར་རྫོང་ཁག་དང་ བཀྲིས་སྒང་ གསར་སྤང་ བསམ་རྩེ་ ཆུ་ཁ་ རྩི་རང་ བསམ་གྲུབ་ལྗོངས་མཁར་ སྤ་རོ་ སྤུ་ན་ཁ་ དེ་ལས་ ཐིམ་ཕུག་རྫོང་ཁག་ནང་སྦེ་ རྒྱལ་ཡོངས་ཨམ་སྲུ་ཚུ་གི་ ཕུཊ༌བཱོལ་འགྲན་བསྡུར་ཚུ་ རྩེད་འགྲན་འབད་བའི་བསྒང་ཡོད་ཟེར་ཨིན་པས།
འབྲུག་ཕུཊ༌བཱོལ་ཚོགས་སྡེ་གིས་ ལས་རིམ་སྣ་ཚོགས་སྦེ་ འགོ་འདྲེན་འཐབ་མི་ཚུ་ཡང་ ན་གཞོན་ཚུ་གིས་ ཕུཊ༌བཱོལ་ རྩེ་ནིའི་རིག་རྩལ་དང་ ལྕོགས་གྲུབ་ཚུ་གོང་འཕེལ་གཏང་ཐབས་ལུ་ཨིན་ཟེར་ཨིན་པས།
ཨེ་ཤེ་ཡཱན་རྒྱལ་རྟགས་ཀྱི་དོན་ལུ་ འབྲུག་རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་སྡེ་ཚན་གྱིས་ གུ་ཝམ་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་རྩེད་འགྲན་སྡེ་ཚན་དང་གཅིག་ཁར་ སྤྱི་ཟླ་༦ པའི་ཚེས་༦ ལིག་སྐོར་ཐེངས་དང་པའི་ རྩེད་འགྲན་དེ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་སྦེ་ རྩེད་འགྲན་འབད་ནིའི་དོན་ལུ་ ད་རེས་ནངས་པར་ ལོགས་སུ་སྦེ་ སྦྱོང་བརྡར་འབད་བའི་བསྒང་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

About admin

Check Also

བཀྲིས་གཡང་རྩེ་ ཡ་ལང་གི་མི་ཚུ་གིས་ ཐིང་ངེ་ལུ་བརྟེན་ འཚོ་བ་སྐྱོང་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ ཡ་ལང་རྒེད་འོག་ གནམ་ཐེ་དང་ ཡེར་ཕི་གཡུས་ཚན་དེ་ ཐིང་ངེ་ཐོན་སྐྱེད་འབད་སའི་ ཡོངས་གྲགས་ཅན་གྱི་ ས་གནས་ཅིག་ཨིན་པས། དེ་ཡང་ ཚོདམ་ཞིམ་ཏོང་ཏོ་བཟོ་ནི་དང་ བཟའ་ཁམས་གཏགས་ནིའི་དོན་ལུ་ ཐིང་ངེ་བླུགས་ཏེ་བཟོ་དོ་ཡོདཔ་ད་ གཡུས་ཚན་ནང་ལྷོད་པ་ཅིན་ ཚོདམ་ནང་རྐྱངམ་གཅིག་མེན་པར་ ཁྱིམ་ག་རའི་གདོང་ཁར་ …

Leave a Reply

Your email address will not be published. Required fields are marked *