འབྲུག་པི་ཨེན་བི་དངུལ་ཁང་གི་ ལས་བྱེདཔ་༡ དང་ཚོང་པ་༡ ལུ་ བཙོན་ཁྲིམས་ལོ་༣ རེ་དང་ ཏི་རུ་སོར་ཆུད་འབད་དགོ་པའི་འཁྲུན་ཆོད།

༉ འབྲུག་པི་ཨེན་བི་དངུལ་ཁང་གི་ ལས་བྱེདཔ་༡ དང་ རྒྱ་གར་གྱི་མི་ཁུངས་༡ གིས་ ཡིག་ཆ་རྗུས་བཟོ་དང་ ནང་གསུག་ དེ་ལས་ དབང་ཚད་ལོག་སྤྱོད་ཐོག་ལས་ དངུལ་ཀྲམ་༡༥༥,༡༨༨,༥༢༦ སྤྱོད་ཡོད་མི་ལུ་ བཙོན་ཁྲིམས་ལོ་༣ རེ་བཀལ་བའི་ཁར་ ཏི་རུ་སོར་ཆུད་འབད་དགོ་པའི་ འཁྲུན་ཆོད་གནང་ནུག།
ཐིམ་ཕུག་ཁྲིམས་ཁྲི་༢ པ་ལས་ སྤྱི་ཟླ་༡༠ པའི་ཚེས་༢ ལུ་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ སྤུ་ན་ཁ་ སྟོད་སྦིས་རྒེད་འོག་ དགོན་ས་ལས་ འབྲུག་པི་ཨེན་བི་དངུལ་ཁང་ནང་ བཀོད་ཁྱབ་འགོ་དཔོན་གོངམ་སྦེ་ ལཱ་འབད་མི་ཀུན་ལེགས་དཔལ་འབྱོར་གྱིས་ ཡིག་ཆ་རྫུས་བཟོ་དང་ ནང་གསུག་ལེན་མི་ དེ་ལས་ དངུལ་བསྡོམས་༤༠,༦༡༨,༥༠༦ ལོག་སྤྱོད་འབད་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒྱ་གར་ཇའི་སྒང་ལས་ ཉེས་འཛུགས་ཕོག་མི་ པར་མོཊ་ཤཱ་གིས་ ཁོ་རའི་ཨ་པ་གི་ མིང་ཐོག་ལུ་ཡོད་པའི་ ཚོད་བསྲེ་ནང་འདྲེན་ཆོག་ཐམ་ཐོག་ལས་ དངུལ་ཡོངས་བསྡོམས་ས་ཡ་༡༡༤,༥༧༠,༠༢༠ ལོག་སྤྱོད་འབད་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ ཀུན་ལེགས་དཔལ་འབྱོར་དེ་ འབྲུག་པི་ཨེན་བི་དངུལ་ཁང་གི་ སྤྱི་གཡོགཔ་འབདཝ་ལས་ ཚོང་འབྲེལ་གྱི་ རྩིས་ཁྲ་འཆང་སྤྱོད་འབད་མ་ཆོག་མི་ལུ་བརྟེན་ ཁོ་རའི་ཨམ་སྲུ་གིས་ མ་ཤེསཔ་སྦེ་ ཚོང་འབྲེལ་གྱི་རྩིས་ཁྲ་༢ ཁ་ཕྱེས་ཡོད་པའི་ཁར་ རྒྱ་གར་གྱི་ཏི་རུ་ རུ་པི་གཏོང་ལེན་འབད་ནིའི་དོན་ལུ་ ས་ཡིག་རྐྱབ་མི་ཡང་ ཨམ་སྲུ་གིས་ ཤེས་རྟོགས་མེདཔ་ཨིན་པས།
དེ་ཡང་ ཀུན་འཛིན་ཚོད་བསྲེ་དང་ ཤིང་འབྲས་ཚོང་ཁང་གི་ ཆོག་ཐམ་དང་ ཀུན་འཛིན་གློག་འཕྲུལ་ཚོང་ཁང་གི་ ཆོག་ཐམ་ཐོག་ལུ་ རྩིས་ཁྲ་༢ ཁ་ཕྱེས་ཡོད་མི་དེ་ དངུལ་བཙུགས་བཞག་ནིའི་དོན་ལུ་ཨིན་པས།
ཨམ་སྲུ་གི་མིང་ཐོ་ཁར་ རྩིས་ཁྲ་༢ ཁ་ཕྱེས་བའི་ཤུལ་ལས་ ཀུན་ལེགས་དཔལ་འབྱོར་གྱིས་ རྩིས་ཁྲ་ནང་ལས་ རུ་པི་གཏོང་ལེན་ ཐེངས་༦༨ འབད་ཡོདཔ་མ་ཚད་ མི་མང་གི་དོན་ལུ་ཨིན་ཟེར་ རྩིས་ཁྲ་འདི་ནང་ལས་ ལེན་ཐེངས་༣༣ དེ་ཅིག་ ཡིག་ཆ་རྫུས་བཟོ་ཐོག་ ས་ཡིག་རྐྱབ་སྟེ་ རུ་པི་གཏོང་ལེན་འབད་ཡོདཔ་ཨིན་པས།
འཁྲུན་ཆོད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཉེས་ཅན་གྱིས་ གཡོ་སྒྱུའམ་ མགུ་སྐོར་ཐོག་ མི་གཞན་གྱི་ཐོབ་དབང་ དཔེ་འབད་བ་ཅིན་ རུ་པི་སྤྱོད་ནིའི་ཐོབ་དབང་དེ་ འབྲུག་པའི་ མི་སེར་ག་ར་ལུ་ཡོད་རུང་ ཁོ་ར་གཅིག་གིས་ སྤྱོད་ཡོདཔ་ལས་ རྒྱལ་ཁབ་ལུ་ གནོད་ཉེན་བྱུང་ནུག་ཟེར་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༢ ལུ་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་དཀའ་ངལ་ཐོན་ཏེ་ དཔལ་འབྱོར་གནས་སྟངས་ཚུབས་དྲགས་སྐབས་ རྒྱལ་ཁབ་ཀྱི་ རུ་པི་ཟུར་གསོག་ནང་ལས་བཏོན་ཏེ་ དངུལ་ཁང་ཚུ་ནང་ བཀྲམ་སྤེལ་འབད་ཡོད་རུང་ དེ་གིས་ཡང་ དཀའ་ངལ་སེལ་མ་ཚུགས་པར་ གདོང་ལེན་བྱུང་ནུག་ཟེར་ ཨིན་པས།
ཁྲིམས་འདུན་གྱིས་ བཀའ་རྒྱ་གནང་མི་དང་འཁྲིལཝ་ད་ ཉེས་ཅན་ ཀུན་ལེགས་དཔལ་འབྱོར་གྱིས་ ནང་གསུག་དང་ ཡིག་ཆ་རྫུས་བཟོ་ཐོག་ལས་སྤྱོད་མི་ དངུལ་ཀྲམ་ས་ཡ་༤༠.༦ ལྷགཔ་ཅིག་ འཁྲུན་ཆོད་གནང་པའི་ཉིནམ་ལས་འགོ་བཟུང་ ཟླཝ་༦ ནང་འཁོད་ གཞུང་ལུ་ལོག་བཏབ་དགོཔ་ཨིན་པས།
དེ་བཟུམ་སྦེ་ ཇའི་སྒང་ལུ་ ཚོང་བཙུགས་སྡོད་མི་ སྐྱེས་ལོ་༣༩ ལང་མི་ པར་མོཊ་ཀི་མར་ཤཱ་ལུ་ བཙོན་ཁྲིམས་ལོ་༣ བཀལ་མི་དེ་ ཁོ་གི་ཨ་པ་གི་ མིང་ཐོ་ལུ་ཡོད་མི་ ཀའི་ལཤ་ཚོད་བསྲེ་ཚོང་ཁང་དེ་ ཁོ་གི་ཨིནམ་བཟོ་སྟེ་ ཚོང་ཁང་གི་རྩིས་ཁྲ་ནང་ལས་ ཏི་རུ་ལན་ཐེངས་༢༦༧ དེ་ཅིག་དང་ མི་མང་གི་དོན་ལུ་ ལན་ཐེངས་༣༣ དེ་ཅིག་ ཡིག་ཆ་རྫུས་བཟོ་ཐོག་ལས་ རུ་པི་གཏོང་ལེན་འབད་མི་ལུ་བརྟེན་ཨིན་པས།
ཉེས་ཅན་པར་མོཊ་ཀུ་མར་ཤཱ་གིས་ ཇའི་སྒང་ལུ་ཡོད་པའི་ ཁོ་རའི་ཉེ་ཚན་ཚུ་ལས་ ཚོང་དང་འབྲེལ་བའི་དངུལ་ཀྲམ་ཚུ་ བརྗེ་སྦྱོར་འབད་དེ་ ཁོ་རའི་རྩིས་ཁྲ་ནང་ བཙུགས་བཅུག་པའི་རྗེས་སུ་ འབྲུག་པའི་དངུལ་ཁང་རིམ་ལུགས་ནང་ལས་ གཡོ་ཟོལ་ཐོག་ རུ་པི་ལེན་ཞིནམ་ལས་ ཁོ་རའི་ཉེ་ཚན་ཚུ་གིས་ ཐིམ་ཕུག་ལས་ རྒྱ་གར་ལུ་ རུ་པི་བཏང་བའི་གནད་ལས་ ཚུལ་མིན་གྱི་རུ་པི་ འཕོ་བསྒྱུར་འབད་ཡོད་པའི་ ཉེས་འཁྲི་ཡང་ནུག།
ཁྲིམས་འདུན་གྱིས་ ཉེས་ཅན་པར་མོཊ་ཤཱ་ལུ་ དངུལ་ཀྲམ་ས་ཡ་༡༡༤.༥ ལྷགཔ་ཅིག་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ རུ་པི་བཏོན་ཡོདཔ་ལས་ ལག་ལེན་ལམ་སྟོན་དང་འཁྲིལ་ གཞུང་ལུ་ སོར་ཆུད་འབད་དགོ་པའི་ བཀའ་རྒྱ་གནང་ནུག།
ཨིན་རུང་ ཁྲིམས་འདུན་གྱིས་ བསམ་རྩེ་རྫོང་ཁག་ བི་རུ་ལས་ སྐྱེས་ལོ་༤༤ ལང་མི་ བོམ་བྷ་དུར་གྱི་དོན་ལུ་ འཁྲུན་ཆོད་གནང་ནི་དེ་ ཕར་འགྱངས་འབད་ཡོདཔ་ད་ ཁོ་གི་མིང་ཐོ་ལུ་ ཐིམ་ཕུག་ཁྲོམ་ནང་ ཚོང་ཁང་བཙུགས་ཡོདཔ་ཨིན་པས།
བོམ་བྷ་དུར་གྱིས་ པར་མོཊ་ཤཱ་ལུ་ ཁོ་རའི་ མིང་ཐོ་ལུ་ཡོད་པའི་ ཚོད་བསྲེ་ནང་འདྲེན་འབད་ཆོག་པའི་ ཆོག་ཐམ་ལག་ལེན་དབང་ཚད་སྤྲོད་ཡོདཔ་མ་ཚད་ རྩིས་ཁྲ་༢ དངུལ་ཁང་ནང་ འཆང་སྤྱོད་འབད་བཅུག་ཡོདཔ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་བཀོད་དེ་འདུག།
ཉེས་ཅན་ ཀུན་ལེགས་དཔལ་འབྱོར་གྱི་ བདག་དབང་ལུ་ཡོད་པའི་ ཀུན་འཛིན་ཚོད་བསྲེ་དང་ ཤིང་འབྲས་ཚོང་ཁང་གི་ ཚོང་འབྲེལ་ཆོག་ཐམ་དང་ ཁོ་རའི་ཨམ་སྲུ་གི་ མིང་ཐོག་ལུ་ཡོད་པའི་ ཀུན་འཛིན་གློག་འཕྲུལ་ཚོང་འབྲེལ་ཆོག་ཐམ་༢ ཆ་མེད་གཏང་ནི་དང་ པར་མོཊ་ཤཱ་གི་ ཨ་པ་གི་བདག་དབང་ལུ་ ཀའི་ལཤ་ཚོད་བསྲེ་ཚོང་འབྲེལ་ཆོག་ཐམ་ དེ་ལས་ བོམ་བྷ་དུར་རའི་གི་ བདག་དབང་ལུ་ཡོད་པའི་ བསམ་སྤང་ཚོང་ཁང་ཆོག་ཐམ་ཚུ་ ཆ་མེད་གཏང་ནི་ཟེར་ཨིན་པས།
ཁོང་མི་ངོམ་༤ ལུ་ ཉེས་ཆད་དངུལ་ཀྲམ་༡༠,༠༠༠ རེ་ བཏབ་དགོཔ་སྦེ་ འཁྲུན་ཆོད་བཏོན་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *