འབྲུག་དང་ ཡུ་རོ་པི་ཡན་ ཡུ་ནི་ཡཱོན་གྱི་བར་ན་ མཐུན་ལམ་རྩ་བརྟན།

༉ སྤྱི་ཟླ་༡༡ པའི་ཚེས་༥ ལུ་ སྤ་རོ་ལུ་སྦེ་ འབྲུག་དང་ ཡུ་རོ་པི་ཡན་ ཡུ་ནི་ཡཱོན་གྱི་བར་ན་ ལོ་ཟུང་གྲོས་བསྟུན་ཞལ་འཛོམས་ ཐེངས་༨ པ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
གྲོས་བསྟུན་ཞལ་འཛོམས་སྐབས་ ཕྱོགས་༢ ཆ་ར་གིས་ གནད་དོན་མང་རབས་ཅིག་གི་ཐོག་ལུ་ བརྗེ་སོར་འབད་ཡོད་པའི་ཁར་ འབྲུག་གཞུང་དང་ ཡུ་རོ་པི་ཡཱན་ཡུ་ནི་ཡཱན་གྱིས་ འདས་པའི་ལོ་ཚུ་ནང་ ཞལ་འཛོམ་འཚོགས་ཏེ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།
ཡུ་རོ་པི་ཡན་ ཡུ་ནི་ཡཱོན་གྱི་ འཐུས་མི་ཚུ་གིས་ མཛའ་བཤེས་མཐུན་འབྲེལ་དེ་ དཔེ་སྟོན་རུང་བའི་ མཐུན་ལམ་ཅིག་སྦེ་ གནས་ཏེ་ཡོད་ཟེར་ བཤད་ཡོདཔ་ད་ འབྲུག་གིས་ རྒྱལ་སྤྱིའི་གནས་ཚད་ནང་ རང་བཞིན་གནས་སྟངས་དང་ གནམ་གཤིས་དང་འབྲེལ་བའི་ མཐུན་ཕྱོགས་འབད་མི་ལུ་ དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
འབྲུག་གཞུང་གི་ཧོངས་ལས་ འབྲུག་པའི་འཐུས་མི་སྡེ་ཚན་གྱིས་ ཡུ་རོ་པི་ཡན་ ཡུ་ནི་ཡཱོན་དང་ འཐུས་མི་རྒྱལ་ཁབ་ཚུ་ལུ་ འདས་པའི་ ལོ་ངོ་བཅུ་ཕྲག་༣ གྱི་རིང་ གྲོགས་རམ་འབད་མི་དེ་ལུ་ དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
དེ་མ་ཚད་ འབྲུག་པའི་འཐུས་མི་ཚུ་གིས་ ཡུ་རོ་པི་ཡན་ ཡུ་ནི་ཡཱོན་དང་ མཐུན་ལམ་བཞག་མི་དེ་ བརྩི་མཐོང་ཅན་སྦེ་ ཆ་བཞགཔ་ཨིན་ཟེར་ བཤད་ཡོད་པའི་ཁར་ མཐུན་ལམ་འཕྲོ་མཐུད་བཞག་ནིའི་ ཁས་ལེན་འབད་ཡོདཔ་ཨིན་པས།
ཡུ་རོ་པི་ཡན་ ཡུ་ནི་ཡཱོན་གྱི་ འཐུས་མི་ཚུ་གིས་འབད་བ་ཅིན་ འབྲུག་གཞུང་གིས་ འགྲོ་བ་མིའི་དབང་ཆ་དང་ དེ་གི་ནང་ལས་ཡང་ ཨམ་སྲུ་དང་ཨ་ལོའི་དབང་ཆ་ ཉེན་སྲུང་འབད་མི་དང་ ཕོ་མོའི་འདྲ་མཉམ་ ཡར་དྲག་གཏང་མི་ལུ་ ངལ་རངས་ཡོད་ཟེར་ བཤད་ཡོདཔ་ད་ གཞུང་སྐྱོང་ལེགས་ལྡན་དང་ དམངས་གཙོའི་རིང་ལུགས་ དེ་ལས་ གནམ་གཤིས་འགྱུར་བགྲོད་ཀྱི་དོན་ལུ་ ལཱ་འབད་མི་དང་ དབུལ་ཕོངས་མར་ཕབ་འབད་ནི་ དེ་ལས་ མི་སྡེ་ལས་ཚོགས་དང་གཅིག་ཁར་ མཉམ་འབྲེལ་ལེགས་ཤོམ་འབད་མི་ཚུ་ལུ་ ངལ་རངས་བསྐྱེད་ཡོདཔ་ཨིན་པས།
འཐུས་མི་སྡེ་ཚན་གྱིས་ འབྲུག་གཞུང་གིས་ ཇི་ཨེསི་པི་གི་འོག་ལུ་ མཐར་འཁྱོལ་འབྱུང་ནིའི་དོན་ལུ་ འཕྲོ་མཐུད་དེ་ར་ འགྲོ་བ་མིའི་དབང་ཆ་གི་ ལྷན་འཛོམས་ལྷག་ལུས་དེ་ བསྟར་སྤྱོད་འབད་ནི་ འགོ་བཙུགས་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ཞལ་འཛོམས་སྐབས་ ད་ལྟོ་ འབད་བཞིན་དུ་ཡོད་མི་ མཉམ་འབྲེལ་གོང་འཕེལ་དང་ ལོ་བསྟར་ངོ་རྟགས་ལས་རིམ་ སྤྱི་ལོ་༢༠༡༤ ལས་༢༠༢༠ གྱི་ལས་རིམ་དེ་ཡང་ བསྐྱར་ཞིབ་འབད་ཡོདཔ་ཨིན་པས།
ཡུ་རོ་པི་ཡན་ ཡུ་ནི་ཡཱོན་གྱི་ གྲོགས་རམ་ཐོག་ལས་ འགོ་བཙུགས་མི་ ལས་རིམ་དེ་གི་ གྲུབ་འབྲས་ལེགས་ཤོམ་ཐོན་མི་ལུ་ བསྐྱར་ཞིབ་འབད་ཡོདཔ་ད་ ཡུ་རོ་པི་ཡན་ ཡུ་ནི་ཡཱོན་གྱིས་ སྤྱི་ལོ་༢༠༡༤ ལས་༢༠༢༠ གྱི་ ཟུང་ཕྱོགས་མ་དངུལ་དེ་ ཡུ་ཨེསི་ཌོ་ལར་ས་ཡ་༤༢ ལས་༤༩.༣ ལུ་ ཡར་སེང་འབད་ཡོདཔ་ད་ འཕྲོ་མཐུད་དེ་ར་ ལུང་ཕྱོགས་གཞན་ཁར་ལས་ཡང་ གནམ་གཤིས་འགྱུར་བགྲོད་དང་ ཚོང་འབྲེལ་ས་ཁོངས་ཚུ་ནང་ གྲོགས་རམ་ཚུ་འབད་ནི་ཨིན་པས།
ཡུ་རོ་པི་ཡན་ ཡུ་ནི་ཡཱོན་གྱིས་ འབྲུག་ལུ་ གྲོགས་རམ་འབད་མི་དེ་ ད་ལྟོ་ ཡུ་ཨེསི་ཌོ་ལར་ས་ཡ་༧༡ ལུ་ གནས་ཡོད་མི་དེ་ འབྲུག་ལུ་ གྲོགས་རམ་འབད་མི་ སྦོམ་ཤོས་ཅིག་ཨིན་པས།
ཡུ་རོ་པི་ཡན་ ཡུ་ནི་ཡཱོན་གྱིས་ རྒྱལ་ཡོངས་འཆར་དངུལ་ཐོག་ལས་ གྲོགས་རམ་བརྒྱ་ཆ་༨༠ དེ་ཅིག་ བྱིན་ཡོདཔ་ལས་ དེ་གིས་ རྒྱལ་ཡོངས་ཀྱི་གནས་ཚད་ སྒྲིང་སྒྲི་བཟོ་ཡོད་པའི་ཁར་ བདག་དབང་ཚུ་ བཟོ་ཚུགས་ཏེ་ཡོདཔ་ཨིན་པས།
འབྲུག་རྒྱལ་ཁབ་འདི་ གོང་འཕེལ་ཉུང་སུ་འགྱོ་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ ཕྱིར་འཐོན་འབད་ནི་ཨིནམ་ལས་ འབྲུག་པའི་འཐུས་མི་སྡེ་ཚན་གྱིས་ ལོ་ལྔའི་འཆར་གཞི་༡༢ པའི་སྐོར་ལས་ གསལ་བཤད་མདོར་བསྡུས་འབད་དེ་ གཙོ་རིམ་ཅན་གྱི་ ས་ཁོངས་ཚུ་ གསལ་སྟོན་འབད་ཡོདཔ་ད་ ཡུ་རོ་པི་ཡན་ ཡུ་ནི་ཡཱོན་གྱིས་ འབྲུག་པའི་གོང་འཕེལ་དོན་ལུ་ འཕྲོ་མཐུད་གྲོགས་རམ་འབད་ནིའི་ ཁས་བླངས་འབད་མི་དེ་ལུ་ ཡིད་རངས་ཡོད་ཟེར་ བཤད་ཡོདཔ་ཨིན་པས།
ཞལ་འཛོམས་སྐབས་ ཡུ་རོ་པི་ཡན་ ཡུ་ནི་ཡཱོན་དང་ འབྲུག་གི་བར་ན་ ད་ལྟོ་ མ་དངུལ་བཀོད་ཁྲམ་གྱི་ གཙོ་རིམ་ཚུ་ ག་ཅི་ནང་ བཟུང་ནི་ཨིན་ནའི་ གྲོས་བསྟུན་ཚུ་འབད་ཡོདཔ་ད་ ཡུ་རོ་པི་ཡན་ ཡུ་ནི་ཡཱོན་གྱིས་ འབྲུག་གིས་ ཕྱིར་འཐོན་འབད་བའི་ཤུལ་ལས་ཡང་ འཕྲོ་མཐུད་གྲོགས་རམ་འབད་ནིའི་ ཁས་བླངས་འབད་ཡོདཔ་ཨིན་པས།
དེ་མ་ཚད་ རང་བཞིན་གནས་སྟངས་ལུ་ ཐོ་མ་ཕོགཔ་སྦེ་ མི་སྡེ་དང་ དཔལ་འབྱོར་གོང་འཕེལ་དོན་ལུ་ གཅིག་ཁར་ལཱ་འབད་ནིའི་ ཁས་བླངས་འབད་ཡོདཔ་ད་ ཕྱིར་ཐོན་འབད་བའི་ཤུལ་ལས་ ཁོང་གི་དངུལ་ཁང་ཚུ་ལས་ ཟད་འགྲོ་ཉུང་སུ་གནས་པའི་ སྐྱིན་འགྲུལ་ཚུ་ བྱིན་ནིའི་ཐབས་ཤེས་ བལྟ་ནི་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ཟུང་ཕྱོགས་མཐུན་ལམ་གྱི་ གནས་སྟངས་ལེགས་ཤོམ་ཡོད་མི་ལུ་ གཞི་བཞག་སྟེ་ སྡེ་ཚན་༢ ཆ་ར་གིས་ མ་འོངས་པའི་ནང་ ཟུང་ཕྱོགས་གྲོས་བསྟུན་ཞལ་འཛོམས་ རྩ་བརྟན་བཟོ་ཞིནམ་ལས་ ལོ་བསྟར་གྱི་ གྲོས་སྟོན་ཞལ་འཛོམས་ཅིག་སྦེ་ འགོ་འདྲེན་འཐབ་ནིའི་ གྲོས་ཐག་བཅད་ཡོདཔ་ད་ ཤུལ་མའི་ གྲོས་བསྟུན་ཞལ་འཛོམས་དེ་ སྤྱི་ལོ་༢༠༢༠ སྤྱི་ཟླ་༡༡ པའི་ནང་ བ་རཱ་སེལསི་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ བཀོད་ནུག།
ཁོང་གི་སྡེ་ཚན་དེ་ ཨེ་ཤི་ཡ་དང་ པེ་སི་ཕིག་གི་ ཡུ་རོ་པི་ཡཱན་ཕྱི་འབྲེལ་ཞབས་ཏོག་གི་ འཛིན་སྐྱོང་མདོ་ཆེན་འོགམ་ པའུ་ལ་ པམ་པ་ལོ་ནི་གིས་ འགོ་ཁྲིད་འབད་ཡོདཔ་ད་ འབྲུག་པའི་འཐུས་མི་སྡེ་ཚན་དེ་ ཕྱི་འབྲེལ་ལྷན་ཁག་གི་ ཟུང་ཕྱོགས་ལས་ཁུངས་ཀྱི་ མདོ་ཆེན་བསོད་ནམས་སྟོབས་རྒྱས་ཀྱིས་ འགོ་ཁྲིད་འབད་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *