འབྲུག་དང་ བང་ལ་དེཤ་ ནེ་པཱལ་རྒྱལ་ཁབ་༣ གྱིས་ ཆུམ་ཐོན་སྐྱེད་འབད་ནིའི་ མཉམ་འབྲེལ་ལས་འགུལ་ལུ་ གྲོས་འདེབས་འབད་ནི།

༉ རྒྱལ་ཁབ་ནང་ རེད་འཛུགས་སྐྱོང་འབད་ནིའི་ ལམ་ལུགས་ཡར་དྲག་བཏང་སྟེ་ ལོ་༣ གྱི་རྒྱབ་ལས་ ཆུམ་གྱི་ལང་ཚད་དེ་ བརྒྱ་ཆ་༦༠ བཟོ་ནིའི་དམིགས་གཏད་ བསྐྱེདཔ་ཨིན་པས།
རྒྱལ་ཁབ་ནང་ ཆུམ་གྱི་ཐོན་སྐྱེད་དེ་ བརྒྱ་ཆ་༡༥ ཡར་སེང་འབད་ནིའི་རེ་བ་ཡོདཔ་ད་ དེ་ཡང་ ཆུ་ཞིང་སྟོངམ་སྦེ་བཞག་མི་ བརྒྱ་ཆ་༥༠ དེ་ཅིག་ བཟའ་སྤྱོད་འབད་ནི་དང་ ཆུ་ཞིང་བརྒྱ་ཆ་༡༠ གནམ་སོ་ཁའི་ རེད་འཛུགས་སྐྱོང་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།
ཨིན་རུང་ དམིགས་གཏད་དེ་ཚུ་ འབྲུག་དང་ བང་ལ་དེཤ་ དེ་ལས་ ནེ་པཱལ་རྒྱལ་ཁབ་༣ གྱི་བར་ན མཉམ་འབྲེལ་ལས་འགུལ་བཟོ་མི་དེ་ལུ་ རག་ལས་ནི་ཨིནམ་ད་ ལས་འགུལ་དེ་ཡང་ སཱག་གོང་འཕེལ་མ་དངུལ་གྱིས་ རེད་འཛུགས་སྐྱོང་ཡུན་བརྟན་དོན་ལུ་ མ་དངུལ་གྲོགས་རམ་འབད་ནི་ཨིན་པས།
འབྲུག་པའི་ཁྱིམ་གུང་པ་༡༢,༠༠༠ དེ་ཅིག་ལུ་ ཕན་ཐོགས་འབྱུང་ནི་ཨིན་མི་ ལས་འགུལ་དེ་ སང་ཕོད་ སྤྱི་ཟླ་དང་པའི་ནང་ལས་ འགོ་བཙུགས་ནིའི་ འཆར་གཞི་ཡོདཔ་ད་ ལས་འགུལ་དེ་ ལུང་ཕྱོགས་གཞན་ཚུ་བཟུམ་སྦེ་ མ་དངུལ་གྱི་དོན་ལུ་ དོ་འགྲན་འབད་དགོ་པས་ཟེར་ སོ་ནམ་ལྷན་ཁག་གི་ འགོ་དཔོན་ཚུ་གིས་བཤད་ཅི།
སཱག་གོང་འཕེལ་མ་དངུལ་གྱི་ བཀོད་ཁྱབ་འགོ་དཔོན་ སུ་ནིལ་ མོ་ཏི་ཝལ་གྱིས་ ཉིན་གྲངས་༣ གྱི་རིང་ ཐིམ་ཕུག་ལུ་སྦེ་ ལས་འགུལ་གྱི་སྐོར་ལས་ ཞལ་འཛོམས་འགོ་བཙུགས་པའི་སྐབས་ ལས་འགུལ་དེ་ལུ་ རྒྱབ་སྐྱོར་ཡོད་ལུགས་ཚུ་བཤད་ཅི།
སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ བཤད་མིའི་ནང་ སཱག་གོང་འཕེལ་མ་དངུལ་གྱིས་ ཆུམ་གྱི་ཐོན་སྐྱེད་ཡར་དྲག་གཏང་ནིའི་དོན་ལུ་ ལས་འགུལ་ལུ་ རྒྱབ་སྐྱོར་འབད་ནིའི་ ཁས་ལེན་འབད་དེ་ཡོད་ཟེར་ཨིན་པས།
བློན་པོ་གིས་ འབྲུག་བརྩིས་ཏེ་ ལྷོ་ཨེ་ཤི་ཡ་ནང་ སོ་ནམ་ལས་ཁུངས་དེ་ མི་གྲངས་ས་ཡ་ལས་བཅད་མི་ཚུ་གི་དོན་ལུ་ ལཱ་གཡོག་བྱིན་མི་ གཙོ་ཆེ་ཤོས་ཅིག་ཨིན་རུང་ རྒྱལ་ཁབ་ཀྱི་ ནང་འཁོད་ཡོངས་འབོར་ཐོན་སྐྱེད་དེ་ མར་བབས་སོང་སྟེ་འདུག་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ མི་རློབས་ཡར་སེང་སོང་མི་དང་ སོ་ནམ་ལས་ཁུངས་ནང་ འགྲོས་ཀྱིས་སྦེ་ ཡར་དྲག་འགྱོ་མི་དེ་གིས་ སོ་ནམ་ལས་ཁུངས་ཀྱིས་ བཟའ་འཐུང་ཐོན་སྐྱེད་འབད་ནིའི་ནང་ བྱེམ་ཕོག་སྟེ་ཡོད་ཟེར་ཨིན་པས།
འཆར་དངུལ་ཡོངས་བསྡོམས་ ཡུ་ཨེསི་ཌོ་ལར་ས་ཡ་༡༡.༧༥༤ གྲོས་འཆར་འབད་མི་ལས་ སཱག་གོང་འཕེལ་མ་དངུལ་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༡༠.༢༥༤ བྱིན་དགོཔ་སྦེ་ སླབ་ཡོདཔ་ད་ རྒྱལ་ཁབ་༣ གྱིས་ ཡུ་ཨེསི་ཌོ་ལར་ས་ཡ་༡.༥ ཞལ་འདེབས་འབད་ནི་ཨིན་པས།
འབྲུག་གི་འཆར་དངུལ་ ཡུ་ཨེསི་ཌོ་ལར་ས་ཡ་༣.༩༧༠ གྲོས་འཆར་བཀོད་ཡོདཔ་ད་ རྒྱལ་ཁབ་༣ གྱི་ལས་འགུལ་གྱིས་ ཡུན་བརྟན་ཐོག་ལས་ ཆུམ་གྱི་ཐོན་སྐྱེད་དེ་ རེད་འཛུགས་སྐྱོང་ལམ་ལུགས་ ཡར་དྲག་གཏང་ཐོག་ལས་ ཡར་སེང་འབད་ནི་དེ་ཨིན་པས།
དེ་ཡང་ ཐབས་རིག་དང་ དཔལ་འབྱོར་ཡུན་བརྟན་དང་ རང་བཞིན་གནས་སྟངས་མཐུན་པའི་སྒོ་ལས་ སོ་ནམ་ཐོན་སྐྱེད་ཆུང་བའི་ཐོག་ ཐོན་སྐྱེད་ཡར་སེང་འབད་ནི་དེ་ཨིནམ་ད་ ཐོན་སྐྱེད་ཡར་དྲག་གཏང་ནིའི་གཙོ་རིམ་དེ་ཡང་ ཞིབ་འཚོལ་འབད་བའི་སྐབས་ ཐོན་སྐྱེད་ཡར་སེང་འབད་བ་ཅིན་ དབུལ་ཕོངས་མར་ཕབ་འབད་ཚུགས་པའི་ཁར་ རྒྱལ་ཡོངས་དང་ ལུང་ཕྱོགས་ཀྱི་གནས་ཚད་ནང་ དབུལ་ཕོངས་མར་ཕབ་དང་ བཞེས་སྒོའི་ཡུན་བརྟན་ལུ་ ལྷན་ཐབས་ཡོད་པའི་ ངོས་འཛིན་བྱུང་ནི་དེ་གིས་ཨིན་པས།
འཆར་གཞི་དེ་གིས་ འཛམ་གླིང་སྤྱི་ཚོགས་ཀྱིས་ སྤྱི་ལོ་༢༠༣༠ ལས་ ཡུན་བརྟན་གོང་འཕེལ་དམིགས་ཡུལ་ཡོད་མི་དེ་ལུ་ཡང་ ལྷན་ཐབས་འབད་ཚུགས་པས་ཟེར་ བློན་པོ་ཡེ་ཤེས་རྡོ་རྗེ་གིས་ བཤད་ཅི།
ལས་འགུལ་དེ་གིས་ གེ་ཟ་དང་ ཀར་ དེ་ལས་ གཞན་ཡང་ སྒོ་ནོར་གསོ་སྐྱོང་དང་ ཉ་གསོ་སྐྱོང་གི་ལཱ་ཚུ་ཡང་ རེད་འཛུགས་སྐྱོང་དང་གཅིག་ཁར་ འབད་ནིའི་ཐབས་ཤེས་ བཏོན་ནི་ཨིན་པས།
ལས་འགུལ་དེ་གིས་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ གནས་སྡུད་ཚུ་ བཞག་ཚུགས་པའི་ཁར་ ཆུམ་དེ་ འཐུས་མི་རྒྱལ་ཁབ་༣ ནང་ བཟའ་འཐུང་གི་དོན་ལུ་ གཙོ་ཆེ་ཤོས་ཅིག་ཨིན་པའི་ཁར་ དཔེར་ན་ འབྲུག་གཞུང་གིས་ འཆར་གཞི་༡༢ པའི་ནང་ ཆུམ་གྱི་ཐོན་སྐྱེད་དེ་ ད་ལྟོ་བརྒྱ་ཆ་༤༧ ཡོད་ས་ལས་༦༠ ལུ་ ཡར་སེང་འབད་ནིའི་ དམིགས་གཏད་ཡོདཔ་ཨིན་པས།
ནེ་པཱལ་ལུ་འབད་བ་ཅིན་ སྤྱི་ལོ་༢༠༡༦ ལས་༢༠༡༩ གི་ གོང་འཕེལ་འཆར་གཞི་ནང་ གཞུང་གིས་ཆུམ་གྱི་ཐོན་སྐྱེད་དེ་ ད་ལྟོ་ ཐོན་སྐྱེད་མེ་ཊིག་ཊཱོན་ས་ཡ་༤.༢༩ ཡོད་མི་ལས་ ཊཱོན་ས་ཡ་༥.༥༦ ལུ་ ཡར་སེང་འབད་ནིའི་ དམིགས་གཏད་ཡོདཔ་ད་ བང་ལ་དེཤ་གཞུང་གིས་ བཟའ་འཐུང་ཡུན་བརྟན་བཟོ་ཐབས་ལུ་ ཐབས་ཤེས་སྣ་ཚོགས་བཏོན་ཡོདཔ་ཨིན་པས།
ལས་འགུལ་དེ་ཡང་ ཆུམ་དང་འབྲེལ་བའི་ཡུན་བརྟན་དོན་ལུ་ དོན་ཚན་ཁག་༧ གྱི་ཐོག་ལས་ བཟོ་ཡོདཔ་ད་ དེ་ཡང་ འཕྲུལ་རིག་ལག་ལེན་འཐབ་ནི་དང་ མཐུན་རྐྱེན་འཛིན་སྐྱོང་འཐབ་ནི་ དེ་ལས་ དེང་སང་གི་ འཕྲུལ་རིག་སྣ་ཚོགས་ལག་ལེན་འཐབ་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ གདོང་ལེན་སྦོམ་ཤོས་ར་ སོ་ནམ་ཐོན་སྐྱེད་ཚུ་ ཡུན་བརྟན་དང་ ཡར་དྲག་གཏང་ནི་དེ་ཨིནམ་ད་ བཟའ་འཐུང་དང་ ཟས་བཅུད་ཡུན་བརྟན་བཟོ་ནིའི་དོན་ལུ་ གནམ་གཤིས་འགྱུར་བགྲོད་ཀྱི་ གདོང་ལེན་ཚུ་ ཐོན་དོ་ཡོདཔ་ཨིན་པས།
དེ་མ་ཚད་ ཆུམ་མཁོ་འདོད་བཀོད་མི་ཚུ་ཡང་ ནང་འཁོད་ལས་ རྒྱལ་སྤྱིའི་གནས་ཚད་ནང་ ཡར་སེང་འགྱོ་མི་དེ་གིས་ཡང་ གདོང་ལེན་ལུ་ ལྷན་ཐབས་འབད་དོ་ཡོདཔ་ད་ གནམ་གཤིས་འགྱུར་བགྲོད་ཀྱིས་ སོ་ནམ་གྱི་ལཱ་ ཉུང་སུ་འབད་མི་ཚུ་ལུ་ གདོང་ལེན་སྦོམ་བྱིན་དོ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

རྒྱལ་ཡོངས་ཚོགས་སྡེ་དང་ བརྡ་བརྒྱུད་གྱི་བར་ན་ མཉམ་འབྲེལ་ཁག་ཆེ་ནི།

༉ ཁ་ཙ་ ཐིམ་ཕུག་ལུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དང་ བརྡ་བརྒྱུད་ཀྱི་འཐུས་མི་ཚུ་གི་བར་ན་ གྲོས་བསྟུན་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ གཙུག་སྡེ་༢ ཀྱི་བར་ན་ མཉམ་འབྲེལ་འབད་དགོཔ་ ཁག་ཆེ་བའི་སྐོར་ གཅིག་གིས་གཅིག་ལུ་ ངོས་ལེན་འབད་ཡི། མཉམ་འབྲེལ་ཞལ་འཛོམས་ནང་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་ …

Leave a Reply

Your email address will not be published. Required fields are marked *