འབྲུག་ཊེ་རེསི་རིམ་ལུགས་ ངེས་པར་དུ་ ལག་ལེན་འཐབ་དགོཔ།

༉ འབྲུག་ཊེ་རེསི་རིམ་ལུགས་དེ་ ནད་ཡམས་ཀོ་བིཌ་-༡༩ བཀག་ཐབས་དོན་ལུ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ ད་རེས་ ནད་གཞི་ཐོབ་མི་ ཨམ་སྲུའི་གནས་སྟངས་ལུ་བརྟེན་ ཤེས་ཚུགསཔ་ཨིན་པས།

ཨམ་སྲུ་དེ་གིས་ ཟུར་བཞག་ལྟེ་བ་ནང་ལས་ ཐོན་པའི་ཤུལ་ལས་ ཐིམ་ཕུག་ཁྲོམ་སྡེའི་ ས་ཁོངས་ཚུ་ནང་སོང་ཡོད་རུང་ མོ་གིས་ ས་གོ་གཅིག་ནང་མ་གཏོགས་ གཞན་ཚུ་ནང་ རིམ་ལུགས་དེ་ ལག་ལེན་མ་འཐབ་ལས་ མི་ག་དེམ་ཅིག་དང་འབྲེལ་བ་ འཐབ་ཡོདཔ་ཨིན་ན་ ག་ར་བདའ་ཟུན་མ་ཚུགས་པར་ ཡོདཔ་ཨིན་པས།

མོ་གིས་ ཐིམ་ཕུག་གི་ས་ཁོངས་ཅིག་ནང་ ལག་ལེན་འཐབ་མི་ལས་ མི་༡༢ དང་༡༣ གྱི་བར་ན་ བདའ་ཟུན་ཚུགས་ ཡོད་རུང་ དངུལ་ཁང་ཅིག་ནང་འགྱོཝ་ད་ མོ་རའི་ ཆ་རོགས་ཀྱི་རིམ་ལུགས་དེ་ ལག་ལེན་འཐབ་མི་ལས་ དག་པ་ཅིག་ བདའ་ཟུན་ཡོདཔ་ཨིན་པས།

ཨིན་རུང་ གཞན་མི་ག་དེམ་ཅིག་དང་ འབྲེལ་བ་འཐབ་ཡོདཔ་ཨིན་ན་ཚུ་ མོ་ར་ སེམས་ཁར་དྲན་ཚུགས་མི་ཚུ་རྐྱངམ་ གཅིག་མ་གཏོགས་ རིམ་ལུགས་ལག་ལེན་མ་འཐབ་པར་ཡོདཔ་ལས་ བདའ་ཟུན་མ་ཚུགསཔ་ཨིན་པས།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རིམ་ལུགས་ལག་ལེན་འཐབ་ནི་དེ་ མི་ག་ར་གི་ འགན་ཁུར་མ་གཏོགས་ གཞུང་གི་འགན་ཁུར་དེ་ ནད་གཞི་དེ་གི་སྐོར་ལས་ དབྱེ་ཞིབ་དང་ ལྟ་རྟོག་ཚུ་འབད་ནི་རྐྱངམ་གཅིག་ ཨིན་ཟེར་ གསུངས་ཡི།

བློན་ཆེན་གྱིས་ མི་ཚུ་གིས་ ག་ཏེ་འགྱོ་རུང་ རིམ་ལུགས་དེ་ ཡོད་ག་ཟེར་འདྲི་དགོ་པའི་ཁར་ མེད་པ་ཅིན་ ཀི་དེབ་ནང་ འབྲི་ནི་ཚུ་ཡོད་ག་ཟེར་ དྲི་བཀོད་འབད་དེ་ ལག་ལེན་འཐབ་དགོ་ཟེར་ གསུངས་ཡོདཔ་ད་ དེ་ཚུ་འབད་བ་ཅིན་ གསོ་བ་ལྷན་ཁག་གིས་ ནད་གཞི་ཐོབ་མི་ཅིག་གིས་ རང་འགྱོ་སའི་ ས་ཁོངས་ནང་འགྱོ་བ་ཅིན་ དེ་འཕྲོ་ལས་ འབྲེལ་བ་འཐབ་སྟེ་ རང་ལུ་ནད་གཞི་ཡོད་མེད་ བརྟག་དཔྱད་འབད་ཚུགས་ཏེ་ མི་སྡེ་ལུ་ ཕན་ཐོགས་ཟེར་ཨིན་པས།

ནད་གཞི་ཐོབ་མི་ཨམ་སྲུ་དེ་གིས་ ནད་གཞི་དེ་ གཞན་ལུ་ མི་འབུ་ནིའི་དོན་ལུ་ མོ་འགྱོ་སའི་ས་ཁོངས་ཚུ་ སེམས་ཁར་དྲན་ཏེ་ སླབ་དོ་ཡོདཔ་ཨིན་པས།

བློན་ཆེན་གྱིས་ མོ་གི་གནས་སྟངས་དེ་གིས་ ནད་གཞི་དེ་ མི་སྡེ་ནང་ སྤེལ་ཡོད་པའི་ རྟགས་མཚན་སྟོནམ་ལས་ མི་ག་ར་གིས་ ཁ་རས་དེ་ ངེས་པར་དུ་ ལག་ལེན་འཐབ་དགོ་ཟེར་ཨིན་པས།

ཁ་རས་ཀྱིས་ ནད་གཞི་དེ་ལས་ བརྒྱ་ཆེ་དྲགས་སྦེ་ བཀག་ཆ་འབད་མ་ཚུགས་རུང་ ནད་གཞི་འཐོབ་ནིའི་ཉེན་ཁ་ལས་ མར་ཕབ་འབད་ཚུགས་ཟེར་ཨིན་པས།

རིམ་ལུགས་དེ་ ལག་ལེན་འཐབ་ནིའི་ནང་ ག་གིས་ འཐུས་ཤོར་ཡོདཔ་ཨིན་ན་ ག་གིས་ཡང་ ཤེས་ས་ཨིན་ཟེར་ བློན་ཆེན་གྱིས་གསུངས་ཡོདཔ་ཨིན་པས།

ཁ་ཙ་ཕྱི་རུ་ཚུན་གྱི་ གནས་སྡུད་དང་འཁྲིལཝ་ད་ ནད་གཞི་ཀོ་བིཌ་ཐོབ་མི་ སྐྱེས་ལོ་༢༧ ལང་མི་ ཨམ་སྲུ་དང་ཐད་ཀར་དུ་འབྲེལ་བ་འཐབ་མི་༢༡༡ བདའ་ཟུན་མི་ལས་ གསོ་བའི་ལྷན་ཁག་གིས་༨༢ དེ་ ཉེན་ཁ་ཆེ་སུ་ཡོད་པའི་གྲངས་ སུ་དང་ གཞན་མི་༡༢༩ དེ་ ཉེན་ཁག་ཉུང་སུ་ཡོད་པའི་གྲངས་སུ་ བཞག་ཡོདཔ་ཨིན་པས།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཁ་ཙ་ཕྱི་རུ་ བརྡ་བརྒྱུདཔ་དང་གཅིག་ཁར་ ཞལ་འཛོམས་འཚོགས་པའི་ སྐབས་ མོ་གི་ནད་གཞི་དེ་ རྒྱལ་ཁབ་ནང་ མ་འོང་པའི་ཧེ་མ་ལས་ ཐོབ་ཡོདཔ་ཨིན་ན་དང་ རྒྱལ་ཁབ་ནང་ལྷོདཔ་ད་ ཐོབ་ཡོདཔ་ཨིན་ན་ མི་ཤེས་པ་ཟེར་ཨིནམ་ད་ དེ་གི་དོན་ལུ་ མི་སྡེ་ཚུ་ནང་ཡང་ བརྟག་དཔྱད་ཚུ་ འབད་འོང་ཟེར་ གསུངས་ཡི།

ཨམ་སྲུ་དེ་གིས་ མོ་འགྱོ་སའི་ ས་ཁོངས་དག་པ་ཅིག་ནང་རྐྱངམ་ཅིག་ འབྲུག་ཊེ་རེསི་ཟེར་མི་ རིམ་ལུགས་དེ་ ལག་ ལེན་མ་འཐབ་པར་ཡོད་མི་དེ་ ག་ལུ་ འཛོལ་བ་ཡོདཔ་ཨིན་ན་ཟེར་ བརྡ་བརྒྱུདཔ་ཅིག་གིས་ དྲི་བ་བཀོད་མི་ལུ་ བློན་ ཆེན་གྱིས་ ལན་སླབ་མ་བཏུབ་རུང་ མོ་དང་འབྲེལ་བ་འཐབ་མི་ ག་ར་ བདའ་ཟུན་ཚུགས་པར་ལཱ་ཁག་བཏང་ཡི་ཟེར་ གསུངས་ཡི།

མོ་གིས་ སྤ་རོ་ཟུར་བཞག་ལྟེ་བ་ལས་ ཐིམ་ཕུག་ལུ་འོངམ་ད་ གླ་འཁོར་ཅིག་ནང་འོང་ཡོད་མི་ གླ་འཁོར་དེད་གཡོགཔ་ དེ་ཡང་ ངོ་ཤེས་མི་ཚུགས་དོ་ཡོདཔ་ཨིན་པས།

བློན་ཆེན་གྱིས་ མོ་གིས་ སེམས་ཁར་དྲན་ཚུགས་མི་ མོ་འགྱོ་སའི་ས་ཁོངས་ཚུ་ག་ར་ སླབ་ཡོད་པའི་ཁར་ ད་ལས་ཕར་ གནས་སྟངས་སྐྱོ་དྲག་མི་འགྱོ་ནིའི་དོན་ལུ་ མི་དམངས་ཀྱིས་ གཞུང་གིས་ག་སླབ་མི་དེ་ འབད་དགོ་ཟེར་ཨིནམ་ད་ ཁ་རས་དེ་ཡང་ ངེས་པར་དུ་ ལག་ལེན་འཐབ་དགོ་ཟེར་གསུངས་ཡི།

ཁ་ཙ་ལས་ རྒྱལ་ཡོངས་ཀྱི་ འགྲོ་འགྲུལ་བཀག་ཆ་འབད་བའི་ཤུལ་ལས་ མི་ཚུ་གིས་ གཞུང་གི་བཀོད་རྒྱ་ལུ་ ངོས་ལེན་ ལེགས་ཤོམ་འབད་ཡོད་མི་ལུ་ མི་དབང་མངའ་ཞབས་མཆོག་ཡང་ ཐུགས་ངལ་རངས་ཡོད་ལུགས་ཚུ་ གསུངས་ཡོད་པའི་སྐོར་ལས་ཡང་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *