འབྲུག་ངོས་འཛིན་ཚོགས་སྡེ་གིས་ མཐོ་རིམ་སློབ་གྲྭ་༣ ཆ་འཇོག་འབད་ཡོདཔ།

འབྲུག་ངོས་འཛིན་ཚོགས་སྡེ་གིས་ སྤྱི་ཟླ་༥ པའི་ཚེས་༡༠ ལུ་ རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭ་དང་ སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭ་ དེ་ལས་ རྒྱལ་འཛིན་འཛིན་སྐྱོང་སློབ་སྡེ་༣ ངོ་སྦྱོར་འབད་ཡོདཔ་བཞིན་དུ་ མཐོ་རིམ་སློབ་གྲྭ་༣ ཆ་ར་ སྡེ་རིམ་ཀ་པའི་ནང་ ཐོ་བཀོད་འབད་ནུག།

ཤེས་རིག་དྲུང་ཆེན་ ཀརྨ་ཡེ་ཤེས་ཀྱིས་ ངོས་འཛིན་ལས་རིམ་དེ་ ཚོགས་སྡེ་གིས་ ད་རེས་ སྐོར་ཐེངས་དང་པ་ མཇུག་བསྡུཝ་བཞིན་དུ་ ཚོགས་སྡེའི་ལས་སྣ་ཚུ་གི་གྲས་ལས་ ཁག་ཆེ་ཏོག་ཏོ་ཅིག་ཨིན་ཟེར་ བཤད་པའི་ཁར་ མཐོ་རིམ་སློབ་གྲྭ་ཆ་མཉམ་ སློབ་ཕྲུག་སྡེ་ཚན་དང་པ་ མཐོ་རིམ་ཤེས་ཚད་མཐར་ཁྱོལ་ཞིནམ་ལས་ ངོས་འཛིན་འབད་ནི་གི་ ཁྱད་ཚད་ཚངམ་ཨིན་ཟེར་ བཤདཔ་ཨིན་པས།

མ་གཞི་ ངོ་སྦྱོར་འབད་ཐངས་ཁག་༢ ཡོད་རུང་ ཚོགས་སྡེ་གིས་ གཙུག་ལག་དང་འབྲེལ་བའི་ ངོས་འཛིན་འབདཝ་ཨིན་ཟེར་ དྲུང་ཆེན་གྱིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཚོགས་སྡེ་གིས་ མ་འོངས་པར་ ཁྱད་རིག་ཅན་གྱི་ ཚོགས་སྡེ་ཚུ་ལས་ རྒྱབ་སྐྱོར་ལེན་ཏེ་ ལས་རིམ་ངོས་འཛིན་ འགོ་འདྲེན་འཐབ་ནི་ཨིནམ་མ་ཚད་ ལུང་ཕྱོགས་དང་ རྒྱལ་སྤྱིའི་ངོ་སྦྱོར་ཚུ་ཡང་ འབད་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།

ངོས་འཛིན་འབད་དགོ་པའི་ གནད་དོན་ཡང་ ཤེས་རིག་སློབ་སྦྱོང་སྤེལ་ཁང་ཚུ་གིས་ གནས་ཚད་ཉུང་མཐའ་ ཡོདཔ་བཟོ་ནི་དང་ ལྷག་པར་དུ་ སྤེལ་ཁང་ཚུ་ལུ་ བསླབ་བྱ་དང་ རྒྱབ་སྐྱོར་ དེ་ལས་ ཞབས་ཏོག་གི་སྤུས་ཚད་ ཡར་དྲག་གཏང་ནིའི་དོན་ལུ་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ཨིན་པས།

ངོ་སྦྱོར་གྱི་དོན་ལུ་ བྱ་རིམ་ཚུ་གི་གྲས་ལས་ མཐོ་རིམ་སློབ་གྲྭ་ཚུ་གིས་ གཙུག་སྡེ་སོ་སོའི་ དབྱེ་ཞིབ་སྙན་ཞུ་ ཚོགས་སྡེ་ལུ་ བྱིན་དགོ་དོ་ཡོདཔ་ད་ དེ་གི་དོན་ལུ་ ངོ་སྦྱོར་འབད་མི་ཚུ་གིས་ བསྐྱར་ཞིབ་འབད་ཞིནམ་ལས་ ས་ཁོངས་ནང་སོང་སྟེ་ ལྟ་རྟོག་འབད་ཐོག་ལས་ ཆ་འཇོག་འབད་དོ་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ ངོ་སྦྱོར་དང་པ་ སྤྱི་ལོ་༢༠༡༥ ལུ་ འཆར་གཞི་བརྩམས་ཏེ་ ཤུལ་མའི་ལོ་ནང་ ཐིམ་ཕུག་མཐོ་རིམ་སློབ་གྲྭ་དང་ དགེ་འདུ་ཚོང་འབྲེལ་མཐོ་རིམ་སློབ་གྲྭ་༢ ནང་ མ་ལེ་ཤི་ཡ་ཤེས་ཚད་ལས་སྡེ་གི་ རྒྱབ་སྐྱོར་ཐོག་ལས་ འབད་ཡོདཔ་ཨིན་པས།

མཐོ་རིམ་སློབ་གྲྭ་བསྡོམས་༡༢ ངོས་འཛིན་འབད་མིའི་གྲས་ལས་༩ སྡེ་རིམ་ཀ་པ་དང་༢ སྡེ་རིམ་ཁ་པ་ དེ་ལས་༡ ཀ་པ་ལྷན་ཐབས་ཀྱི་ སྡེ་རིམ་ཀ+སྦེ་ ངོ་སྦྱོར་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

འགྲུལ་འཕྲིན་ཐོག་ལས་ རྫོང་ཁ་ལྷབ་ནིའི་མཐུན་རྐྱེན་ཚུ་གསར་བཏོན།

༉ ཁ་ཙ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཨ་ལོ་ཚུ་གིས་ རྫོང་ཁའི་མིང་ཚིག་དང་ ཡིག་སྡེབ་ཚུ་ འགྲུལ་འཕྲིན་ཐོག་ལས་ ལྷབ་སྦྱང་འབད་ནིའི་དོན་ལུ་ རྫོང་ཁའི་ཡིག་སྡེབ་ཀྱི་ རྩེདམོ་དང་ ཀི་དེབ་གཞན་ཚུ་ གསར་བཏོན་འབད་ཡི། ལྷན་ཚོགས་ཀྱིས་ ཀི་དེབ་ཚུ་ཡང་ ཨིང་རྫོང་ཤན་སྦྱར་སྲིད་དོན་མིང་མཛོད་དང་ …

Leave a Reply

Your email address will not be published. Required fields are marked *