འབྲུག་གོང་འཕེལ་དངུལ་ཁང་གི་ ལས་འགུལ་འགོ་དཔོན་དང་ ལས་མགྲོན་༥ ལུ་ཉེས་འཛུགས།

༉ ཐིམ་ཕུག་རྫོང་ཁག་གི་ ཉེས་རྩོད་ཁྲིམས་ཁྲི་དང་པ་གིས་ འབྲུག་གོང་འཕེལ་དངུལ་ཁང་གི་ ལས་འགུལ་འགོ་དཔོན་ པདྨ་དངོས་གྲུབ་ལུ་ བཙོན་ཁྲིམས་ལོ་༡༣ བཀལ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༩ ཟླ་༡༢ པའི་ཚེས་༣༡ ལུ་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ དངུལ་ལྐོག་ཟ་དང་ ཡིག་ཆ་རྫུས་བཟོ་ དབང་ཚད་ལོག་སྤྱོད་ ནང་གསུག་སྤྲོད་ལེན་ རྒྱུ་དངོས་ཚུ་གི་རྒྱུ་མཚན་བཀོད་མ་ཚུགསཔ་ དེ་ལས་ གཡོ་སྒྱུའི་ནང་ འབྲེལ་གཏོགས་འབད་མི་ལུ་བརྟེན་ བཙོན་ཁྲིམས་བཀལ་ཡོདཔ་སྦེ་ཨིན་པས།
མ་གཞི་ཁོ་ལུ་ བཙོན་ཁྲིམས་ལོ་༩ བཀལ་མི་དེ་ གནད་དོན་༨༩ ལུ་ གཞན་དངུལ་ལྐོག་ཟ་འབད་ཡོདཔ་ ད་ དེ་ཡང་ རྒྱུ་དངོས་ཚུ་ལུ་ རྒྱུ་མཚན་བཀོད་མ་ཚུགས་མི་ལུ་ ལོ་༡ དང་ གཞན་མི་ལོ་༡ པོ་དེ་ གཡོ་སྒྱུའི་ནང་ འབྲེལ་གཏོགས་འབད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཁྲིམས་འདུན་ལས་ འཁྲུན་ཆོད་བཏོན་ཚརཝ་ཅིག་ར་ པདྨ་དངོས་གྲུབ་དེ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་བཙུགས་ནུག།
དངུལ་འབྲེལ་གྱི་གནད་དོན་ནང་ ལས་མགྲོན་༡༡ གི་གྲས་ལས་ འབྲུག་ལྷ་ཡུལ་བཟོ་སྐྲུན་ནང་ ལཱ་འབད་མི་ དཔལ་ལྡན་རྡོ་རྗེ་གི་ རྩོད་གཞི་དེ་ ཕར་འཕུལ་རྐྱབ་ཡོདཔ་ད་ འཁྲུན་ཆོད་དང་འཁྲིལཝ་ད་ ཁྲིམས་རྩོདཔ་གིས་ པདྨ་དངོས་གྲུབ་དང་གཅིག་ཁར་ བྱ་ངན་འབད་མི་དེ་ སྒྲུབ་བྱེད་བཀོད་མ་ཚུགས་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དཔལ་ལྡན་རྡོ་རྗེ་ལུ་ ལྐོག་ཟའི་ནང་ བཅའ་མར་གཏོགས་པའི་ གནད་རིམ་ཁག་༨ དེ་ཅིག་ནང་ ཁྲིམས་འགལ་ཐོག་ལས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༩༦.༡ དང་ གནད་རིམ་ཁག་༣ ནང་ ཡིག་ཆ་རྫུས་བཟོ་བའི་ ཤོག་འཛིན་འདུག་ཟེར་ཨིན་པས།
ཨོ་ལ་ཁ་ ཊི་ཊི་དབང་རྒྱལ་གྱི་ ཨོ་ཊོ་མོ་བཱ་ཡལ་གྱི་ བསོད་ནམས་དབང་རྒྱལ་ལུ་ ནང་གསུག་བྱིན་མི་ནང་ འབྲེལ་གཏོགས་ཡོདཔ་ལས་ ལོ་༣ གྱི་བཙོན་ཁྲིམས་དང་ ཁོ་གིས་ པདྨ་དངོས་གྲུབ་ལུ་ ཁྱོསམ་སྦེ་ དངུལ་ཀྲམ་ས་ཡ་༡ གནས་པའི་ བུ་ལུ་ བི་ལོ་ཨེསི་ཊར་བྱིན་ཡོདཔ་མ་ཚད་ ལྐོག་ཟ་ཐོག་ལས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༣.༢ འབད་མིའི་ རྩོད་དོན་ཚུ་ ཕར་འཕུལ་རྐྱབ་ནུག།
བསོད་ནམས་དབང་རྒྱལ་གྱི་ ཕོ་རྒནམ་ཀུན་ལེགས་དངོས་གྲུབ་ཀྱིས་ ཧམ་འཛུལ་ཐོག་ལས་ སྐྱིན་འགྲུལ་དངུལ་ཀྲམ་༥༠༠,༠༠༠ ལེན་མིའི་གནད་དོན་དེ་ཡང་ ཕར་འཕུལ་རྐྱབ་ནུག།
ཨོ་ལ་ཁ་ལུ་ཡོད་པའི་ བུ་ཊཱན་ ཨེན་ཊར་པ་རསི་གི་ལས་མགྲོན་ བཟང་ལ་ལུ་ ལོ་༡ གི་བཙོན་ཁྲིམས་བཀལ་མི་དེ་ པདྨ་དངོས་གྲུབ་ལུ་ ནང་གསུག་དངུལ་ཀྲམ་༡༥༠,༠༠༠ སྤྲོད་མི་དང་ ཁྲིམས་འགལ་ཐོག་ལས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༡༢༩ ལྐོག་ཟ་འབད་ཡོད་རུང་ རྩོད་གཞི་དེ་ཡང་ ཕར་འཕུལ་རྐྱབ་ནུག།
འཛོམས་བྷ་ལྷ་ ནང་ཆས་དང་ སྒྲ་དབྱངས་ལས་ དཀར་ཅུང་ལུ་ཡང་ ཉེས་འཛུགས་བཀལ་མི་དེ་ ཁོ་གིས་ ཁྲིམས་འགལ་ཐོག་ལས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༧ ལྐོག་ཟ་འབད་ཡོདཔ་སྦེ་ འཁྲུན་ཆོད་ནང་བཀོད་ནུག།
བྱང་ཆུབ་བིལ་ཌར་ལས་ རིན་འཛིན་ལུ་ ཟླཝ་༦ ཉེས་ཁྲིམས་བཀལ་ཡོདཔ་ད་ ཁོ་གིས་ གཡོ་སྒྱུའི་ནང་བཅའ་མར་གཏོགས་ནུག་ཟེར་ཨིནམ་ད་ ཁོ་གིས་ ཁྲིམས་འགལ་ཐོག་ལས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༢༣ ཧམ་འཛུལ་དང་ གཡོ་སྒྱུའི་ཐོག་ པདྨ་དངོས་གྲུབ་ལུ་ དངུལ་ཀྲམ་༨༠,༠༠༠ འབད་མི་ཡང་ ཕར་འཕུལ་རྐྱབ་ནུག།
རིན་འཛིན་གྱི་ ནོ་གཅུང་དབང་ཕྱུག་གིས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༢༠.༥ ལུ་ ཁྲིམས་འགལ་ཐོག་ལས་ ཧམ་འཛུལ་དང་ གཡོ་སྒྱུའི་ཐོག་ལས་ དངུལ་ཀྲམ་༥༥,༠༠༠ འབད་མིའི་གནད་དོན་ཡང་ ཕར་འཕུལ་རྐྱབ་ནུག།
ཡར་རྒྱལ་ཨཱརཐི་མུ་བར་གྱི་ བསྟན་འཛིན་རྒྱ་མཚོ་ལུ་ ལོ་༡ གི་བཙོན་ཁྲིམས་བཀལ་མི་དེ་ཡང་ ནང་གསུག་སྤྲོད་མི་ལུ་བརྟེན་ཨིནམ་ད་ ད་རུང་ ཟླ་ངོ་༣ གྱི་ཉེས་ཁྲིམས་དེ་ གཡོ་སྒྱུ་འཐབ་མི་ དེ་ལས་ འཁྲུན་ཆོད་དང་འཁྲིལཝ་ད་ ཁྲིམས་འགལ་ཐོག་ལས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༦༣ ལྐོག་ཟ་འབད་མིའི་གནད་དོན་ཡང་ ཕར་འགྱངས་འབད་ནུག།
ཨིསི་པིཌ་ཝེ་ གོར་སི་རི་གི་ ཉིམ་རྡོ་རྗེ་ལུ་ ལོ་༡ གི་ཉེས་ཁྲིམས་བཀལ་མི་དེ་ ཉིམ་རྡོ་རྗེ་གི་ཨའི་ལུ་ སྐྱིན་འགྲུལ་འཐོབ་ནིའི་དོན་ལས་ པདྨ་དངོས་གྲུབ་ལུ་ ནང་གསུག་བྱིན་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉིམ་རྡོ་རྗེ་གི་ཨའི་ ཐུགས་རྗེ་བཟང་མོ་ལུ་ ཉེས་འཛུགས་བཀལ་ཡོད་རུང་ ཐུགས་རྗེ་བཟང་མོ་གིས་ ཞུ་གཏུགས་འབད་མིའི་ནང་ སྐྱིན་འགྲུལ་ལེན་ནིའི་བདག་དབང་དེ་ བུ་ལུ་སྤྲོད་ཡོདཔ་བཞིན་དུ་ པདྨ་དངོས་གྲུབ་དང་འབྲེལ་བ་ཡང་ བུ་གིས་ འཐབ་ཡོདཔ་ལས་ ཁྲིམས་འདུན་གྱིས་ ཁོ་དང་གཅིག་ཁར་ རྩོད་གཞི་ཕྱེ་གནང་ཟེར་ཨིནམ་ད་ རྩོད་གཞི་ཡང་ ཕར་བཤུད་རྐྱབ་ནུག།
ཁྲིམས་འདུན་གྱིས་ ཇེ་ཝའེ་ཌི་གི་ འཇམ་དབྱངས་རྡོ་རྗེ་ལུ་ ལྐོག་ཟའི་ནང་ བཅའ་མར་གཏོགས་པའི་ གནད་རིམ་ཁག་༡༠ དེ་ཅིག་གིས་ ཉེས་འཛུགས་ཕར་བཤུད་རྐྱབ་གནང་ཡོདཔ་ད་ དེ་ཡང་ ཁྲིམས་འགལ་ཐོག་ལས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༧.༡ དང་ དངུལ་ཀྲམ་༥༠,༠༠༠ ནང་གསུག་སྤྲོད་པའི་ཉེས་འཛུགས་ ཕར་འཕུལ་རྐྱབ་ནུག།
ཁྲིམས་འདུན་གྱིས་ རྩོད་ཟླ་ཚུ་ལུ་ ཁྲིམས་འགལ་ཐོག་ལས་ སྐྱིན་འགྲུལ་ཐོབ་མི་ཚུ་ ཟླ་ངོ་༦ གི་ནང་འཁོད་ སོར་ཆུད་འབད་དགོ་པའི་ བཀའ་རྒྱ་གནང་ནུག།
སྤྱི་ལོ་༢༠༡༦ ཟླ་༡༢ པའི་ཚེས་༦ ལུ་ ཁྲིམས་སྲུང་འགག་པ་གིས་ རྩོད་བཤེར་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་བཏང་བའི་ཤུལ་ལས་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *