འབྲུག་གོང་འཕེལ་དངུལ་ཁང་གི་ ལས་བྱེདཔ་ཅིག་ལུ་ བཙོན་ཁྲིམས་ལོ་༡༢ དང་ཟླཝ་༧ བཀལ་ཡོདཔ།

༉ གསང་སྦས་ཁ་དྲུང་ཁག་ཁྲིམས་འདུན་གྱིས་ འབྲུག་གོང་འཕེལ་དངུལ་ཁང་གི་ མི་སྡེ་ལྟེ་བའི་ལས་བྱེདཔ་ ཨོ་རྒྱན་དཔལ་འབྱོར་གྱིས་ མ་དངུལ་ལྐོག་ཟ་དང་ རྫུས་མ་བཟོ་མི་ལུ་ ཁྲིམས་འདུན་གྱིས་ དབྱེ་རིམ་༢ པའི་ བཙོན་ཁྲིམས་ཐོག་ ལོ་༡༢ དང་ཟླཝ་༧ བཀལ་ནུག།

འཁྲུན་ཆོད་དང་འཁྲིལཝ་ད་ ལས་བྱེདཔ་དེ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་༢༠༡༡ ཅན་མའི་དོན་ཚན་༥༢ པའི་ ཀ་པ་དང་འཁྲིལ་ དབྱེ་རིམ་༢ པའི་ བཙོན་ཁྲིམས་ཕོག་ཡོདཔ་ཨིན་པས།

དེ་མ་ཚད་ ལས་བྱེདཔ་དེ་གིས་ དངུལ་ཀྲམ་༤,༥༦༡,༡༨༥ ལྐོག་ཟ་འབད་མི་ལས་ དངུལ་ཀྲམ་༡,༢༡༧,༠༠༠ དང་ དངུལ་ཀྲམ་༤༠,༠༠༠ གནས་པའི་ ཕྱི་རྒྱལ་གྱི་གཞུ་ ཁྲིམས་སྲུང་འགག་པ་གིས་ འཕྱོག་བཟུང་འབད་མིའི་ལྷག་ལུས་ དངུལ་ཀྲམ་༣,༣༠༤,༡༨༥ དེ་ སྐྱེད་བརྒྱ་ཆ་༡༥ འི་རྩིས་རྐྱབ་སྟེ་ ཟླ་ངོ་༦ གི་རྩིས་རྐྱབ་སྟེ་ ལོག་བཏབ་དགོ་པའི་ འཁྲུན་ཆོད་གནང་ནུག།

ལས་བྱེདཔ་གིས་ བྱ་ངན་འབད་བའི་སྐབས་ ལག་རྗེས་རྫུས་མ་ བཟོ་མིའི་ཐད་ཁར་ ཁྲིམས་འདུན་གྱིས་ ལྐོག་ཟའི་ཉེས་ཁྲིམས་བཀལ་མི་གིས་འཐུསཔ་སྦེ་ བཞག་ཡོདཔ་ཨིན་པས།

ཁོ་གིས་ མ་དངུལ་ཚུ་ ལོག་སྤྱོད་འབད་ནིའི་དོན་ལུ་ ལས་བྱེདཔ་༡༧ གྱི་ ལག་རྗེས་རྫུས་མ་བཟོ་བའི་ཤུལ་ལས་ ལྐོག་ཟ་འབད་ཡོདཔ་ད་ ཁོ་གིས་ བྱ་ངན་འབད་ཡོད་མི་ལུ་ མ་དང་སྐྱེད་དང་སྦྲགས་ཏེ་ བཏབ་ནིའི་དོན་ལུ་ གསལ་ཞུ་འབད་ཡོདཔ་ཨིན་པས།

ཨོ་རྒྱན་དཔལ་འབྱོར་གྱིས་ ལྐོག་ཟ་འབད་མི་ ཏི་རུ་ཚུ་ཡང་ ཁོ་རའི་སྲིངམོ་ལུ་ དངུལ་ཀྲམ་ས་ཡ་༡.༥ དང་ ཨའི་དང་ཨ་པ་ལུ་ དངུལ་ཀྲམ་ས་ཡ་༠.༤ བྱིན་ཡི་ཟེར་ ཞུ་ཡོད་རུང་ དེ་ཚུ་ག་ར་ ལྐོག་ཟ་འབད་མི་ ཏི་རུ་ཚུ་ ཚང་སྒྲིག་འབད་ནིའི་དོན་ལུ་ ཞུ་ཡི་ཟེར་ ཁོ་གིས་ཁྲིམས་འདུན་ལུ་ ཤུལ་ལས་ གསལ་ཞུ་འབད་ནུག།

ཉེས་འཛུགས་ཅན་དེ་ སྤྱི་ཟླ་༦ པའི་ཚེས་༨ ལུ་ འཛིན་བཟུང་འབད་མི་ལས་འགོ་བཙུགས་ བཙོན་ཁྲིམས་ཕོག་ནི་ཨིནམ་ད་ འཁྲུན་ཆོད་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༢༠ ལུ་ གནང་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བིའུ་པོནཊ་དང་ ཀྲོང་གསར་རྫོང་གི་བར་ན་ཡོད་མི་ བ་ཟམ་ཉམས་བཅོས་འབད་ནི།

༉ ཀྲོང་གསར་བིའུ་པོནཊ་དང་ ཆོས་རྩེ་རྫོང་གི་བར་ན་ མང་སྡེ་ཆུ་གུ་ཡོད་མི་ བ་ཟམ་དེ་ རྫོང་ཁག་བདག་སྐྱོང་གི་ འགོ་འདྲེན་ཐོག་ ལོག་རྐྱབ་ནི་ཨིན་པས། ད་ལྟོ་ དང་ཕུའི་གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་བ་ཅིན་ གནས་སྟངས་ལེགས་ཤོམ་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསོ་བའི་ལམ་འགྲུལ་འགོ་འདྲེན་འཐབ་པའི་སྐབས་ རྐང་ལམ་བསལ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *