བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ ས་ཁོངས་ནང་ ཨ་སམ་ལུ་འགྱོ་མི་ ཆུའི་གཡུར་བ་༢ ཡོད་མི་ལས་ ཁ་ཙ་ སྒྲ་དབྱངས་ཚུ་ནང་ ལཱ་འབད་མི་ཚུ་གིས་ གདུང་བསམ་ཆུ་ཟམ་འོག་ལུ་ ཆུ་ལམ་སེལ་བའི་བསྒང་།

འབྲུག་གིས་ ཨ་སམ་ལུ་ བཀྲམ་སྤེལ་འབད་མི་ ཞིང་ཆུ་བཀག་བཀགཔ་མེད་པའི་དོགས་སེལ།

༉ སྤྱི་ཟླ་༦ པའི་ཚེས་༢༤ ལས་ཚུར་ རྒྱ་གར་ལུ་ ས་གནས་ཀྱི་ བརྡ་བརྒྱུད་དང་ མི་སྡེ་བརྡ་བརྒྱུད་ཚུ་ནང་ འབྲུག་གིས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ སྦོ་ལོགས་ཁར་ ཨ་སམ་མངའ་སྡེ་ བག་ས་དང་ ཨུ་དཱལ་གུ་རི་རྫོང་ཁག་༢ ནང་སྡོད་མི་ རྒྱ་གར་གྱི་ སོ་ནམ་པ་ཚུ་ལུ་ བཀྲམ་སྤེལ་འབད་མི་ ཞིང་ཆུ་ཚུ་ བཀག་བཞག་ནུག་ཟེར་ གནས་ཚུལ་མང་རབས་ཅིག་ ཐོན་པའི་ཤུལ་ལས་ ཁ་ཙ་ ཕྱི་འབྲེལ་ལྷན་ཁག་གིས་ གནས་ཚུལ་ཚུ་ བདེན་པ་མེད་པའི་ དོགས་སེལ་འབད་ནུག།
ལྷན་ཁག་གིས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ འདི་བཟུམ་མའི་ ཁ་ཉེས་བཀལ་མི་དེ་ ཚ་གྱང་ལང་དགོཔ་ཅིག་ཨིན་མི་དེ་ཡང་ རང་དོན་ལུ་བརྩོན་མི་ཚུ་གིས་ དོན་ཆེད་འབད་ར་ རྫུན་གཏམ་ཁྱབ་སྤེལ་ཐོག་ འབྲུག་དང་ཨ་སམ་གྱི་ མི་སེར་ཚུ་གི་བར་ན་ འཆམ་ཏོག་ཏོ་ཡོད་མི་དེ་ གོ་བ་བརྡ་ལོག་བཟོ་ཐབས་ལུ་ཨིན་པས་ཟེར་བཀོད་ནུག།
ལྷན་ཁག་གིས་འབད་བ་ཅིན་ གནས་ཚུལ་གསལ་བཀོད་འབད་མི་ཚུ་ རྩ་ལས་ར་ མི་བདེན་པའི་ཁར་ གཞི་ཁུངས་མེད་མི་དེ་ཡང་ ཞིང་ཆུ་བཀག་དགོ་པའི་ གནད་དོན་ར་མེད་ཟེར་ཨིནམ་ད་ ཨ་སམ་བག་ས་དང་ ཨུ་དཱལ་གུ་རི་རྫོང་ཁག་༢ ཀྱི་ མི་སེར་ཚུ་ལུ་ འབྲུག་ལུ་ཡོད་པའི་ ཆུ་རྐ་ཚུ་གིས་ ལོ་ངོ་བཅུ་ཕྲག་མང་རབས་ཅིག་གི་རིང་ ཕན་ཐོགས་བྱུང་སྟེ་ཡོདཔ་བཞིན་དུ་ ད་རེས་ ང་བཅས་ལུ་ ནད་ཡམས་ཀོ་བིཌ་-༡༩ གི་ གདོང་ལེན་སྦོམ་སྦེ་ར་ བྱུང་ཡོད་རུང་ ཞིང་ཆུ་སྤྱོད་དེ་ར་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ཀོ་བིཌ་-༡༩ ལུ་བརྟེན་ རྒྱ་གར་རྒྱལ་ཁབ་ སྒོ་བསྡམས་མི་དང་ འབྲུག་གི་ས་མཚམས་ཚུ་ སྒོ་བསྡམས་བཞག་མི་དེ་གིས་ ཧེ་མ་བཟུམ་སྦེ་ ཨ་སམ་གྱི་ སོ་ནམ་པ་ཚུ་ ཞིང་ཆུའི་གཡུར་བ་ཉམས་བཅོས་འབད་བར་ འབྲུག་རྒྱལ་ཁབ་ནང་ འོང་མ་ཚུགས་རུང་ ཨ་སམ་གྱི་ མི་སེར་ཚུ་ལུ་ དཀའ་ངལ་བྱུང་ཡོདཔ་ ཧ་གོ་སྟེ་ ཨ་སམ་ལུ་ ཞིང་ཆུ་རྒྱུན་མ་ཆད་པར་ འོང་ཚུགསཔ་བཟོ་ཐབས་ལུ་དམིགས་ཏེ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་དང་ མི་ཚུ་གིས་ ཞིང་ཆུའི་གཡུར་བ་ཉམས་བཅོས་འབད་བཞིན་དུ་ཡོད་ཟེར་ བཀོད་ནུག།
གནམ་བྱཱར་ལུ་ ཆརཔ་ཤུགས་རྐྱབ་མི་དང་ གཙང་ཆུ་བྲེས་མི་དེ་གིས་ གདོང་ལེན་བཟོ་དོ་ཡོད་རུང་ ནམ་ར་འབད་རུང་ གཡུར་བ་བསུབས་མི་དང་ ཉམས་བཅོས་ཀྱི་ ལཱ་འབད་ནིའི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ འཕྲུལ་ཆས་ གྲ་སྒྲིག་འབད་དེ་ར་ཡོད་ཟེར་བཀོད་ནུག།
གནས་ཚུལ་གསར་བཏོན་ནང་ འབྲུག་དང་ ལྷག་པར་དུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གིས་ ཨ་སམ་ལུ་ ཞིང་ཆུ་རྒྱུན་མ་ཆད་པར་ འོང་ཚུགསཔ་བཟོ་ནིའི་དོན་ལུ་ གནམ་བྱཱར་གྱི་ ཆརཔ་ལུ་བརྟེན་ ཞིང་ཆུའི་གཡུར་བ་བསུབས་མི་ཚུ་ ཡུན་མ་རིང་བར་ སེལ་ཚུགསཔ་འབད་ནི་ལུ་ ཁས་ལེན་ཡོད་ཟེར་བཀོད་ནུག།
དེ་བཟུམ་སྦེ་ འཕྲལ་འཕྲལ་ར་ གནམ་བྱཱར་གྱི་ཆརཔ་དང་ ནད་ཡམས་ལུ་བརྟེན་ རྒྱ་འབྲུག་རྒྱལ་ཁབ་༢ ཀྱིས་ བཀག་འཛིན་ཚུ་ ལག་ལེན་འཐབ་མི་ལས་ ཉིནམ་དག་པ་ཅིག་གི་རིང་ ཞིང་ཆུ་ཆད་སྲིད་ནི་ཨིནམ་ལས་ གནད་དོན་དེ་ལུ་ ཨ་སམ་གྱི་ མི་ཚུ་གིས་འབད་རུང་ ཧ་གོ་དགོཔ་དེ་ ཁག་ཆེ་ཟེར་བཀོད་ནུག།
སྤྱི་ཟླ་༦ པའི་ཚེས་༢༥ ལུ་ བསམ་གྲུབ་ལྗོངས་མཁར་རྫོང་བདག་གིས་ཡང་ ཨ་སམ་བག་ས་རྫོང་ཁག་གི་ འགོ་འཛིན་ལུ་ འབྲུག་ལས་ ཞིང་ཆུ་བཀག་བཀགཔ་རྩ་ལས་མེད་པའི་སྐོར་ ཡི་གུ་ཅིག་བྲིས་ནུག།
རྫོང་བདག་མཐར་ཕྱིན་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཨ་སམ་གྱི་མི་ཚུ་ བསམ་གྲུབ་ལྗོངས་མཁར་ལུ་ འོང་ཞིནམ་ལས་ ཞིང་ཆུའི་གཡུར་བ་ཚུ་ ཉམས་བཅོས་འབད་ཡོད་རུང་ དུས་ཅི་ ནད་ཡམས་ལུ་བརྟེན་ ས་མཚམས་ཞིབ་དཔྱད་སྒོ་ར་ཚུ་ སྒོ་བསྡམས་ནི་དེ་གིས་ འོང་མ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནམ་བྱཱར་ལུ་ ཆརཔ་ཤུགས་སྦེ་རྐྱབ་ད་ གཙང་ཆུ་བྲེས་དོ་ཡོདཔ་ལས་ གཡུར་བ་ཚུ་ འཕྱག་བདའཝ་ཨིན་རུང་ ཨ་སམ་ལུ་ ཞིང་ཆུའི་དཀའ་ངལ་ འཐོན་མི་བཅུག་ནིའི་དོན་ལུ་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ རྫོང་ཁག་དང་ཁྲོམ་སྡེ་ ལུང་ཕྱོགས་ཡིག་ཚང་ ཚོང་པ་ ནགས་ཚལ་ལས་སྡེ་ སྒེར་སྡེ་དང་ ཁྲིམས་སྲུང་འགག་པ་ཚུ་གིས་ ཞིང་ཆུའི་གཡུར་བ་སེལ་ནི་དང་ ཉམས་བཅོས་ཀྱི་ལཱ་ཚུ་ འབད་ཡི་ཟེར་ཨིན་པས།
རྫོང་བདག་གིས་ ཨ་སམ་གྱི་ མི་ཚུ་གིས་ ནམ་སླབ་རུང་ ཉམས་བཅོས་ཀྱི་ ལཱ་ཚུ་འབད་དེ་ ཆུ་བཏང་དོ་ཟེར་ བཤད་པའི་ཁར་ ད་ལྟོའི་གཡུར་བ་ཚུ་ གཙང་ཆུའི་མཐའམ་བདའ་སྟེ་ཡོདཔ་ལས་ གཏན་འཇགས་ཀྱི་ ཞིང་ཆུའི་གཡུར་བ་རྐྱབ་དགོཔ་ ཁག་ཆེ་བས་ཟེར་ བཤདཔ་ཨིན་པས།
ཁྲོམ་སྡེའི་བཀོད་ཁྱབ་དྲུང་ཆེན་ ལྟའུ་རྒྱས་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ ཁྲོམ་སྡེ་བདག་སྐྱོང་གིས་ གཏན་འཇགས་ཀྱི་ གཡུར་བ་རྐྱབ་ནིའི་དོན་ལུ་ རིན་བསྡུར་ཐོག་ ལཱ་སྤྲོད་ཡོད་རུང་ ད་ལྟོ་ གདོང་ལེན་འབྱུང་ནི་ཨིནམ་ལས་ གནམ་བྱཱར་མཇུག་བསྡུ་ཞིནམ་ལས་རྐྱངམ་གཅིག་ འགོ་བཙུགས་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨ་སམ་གྱི་ མི་ཚུ་གིས་ ག་ཏེ་གི་ ཞིང་ཆུའི་སྐོར་ སླབ་དོ་ཡོདཔ་ཨིན་ན་ ཧ་མི་གོ་བས་ཟེར་ཨིནམ་ད་ ཨ་སམ་ལུ་ ཞིང་ཆུའི་དཀའ་ངལ་འབྱུང་མི་བཅུག་ནིའི་དོན་ལུ་ ད་རེས་བཟུམ་མའི་ གནས་སྟངས་ནང་ཡང་ ཞིང་ཆུའི་གཡུར་བ་སེལ་ནི་དང་ ཉམས་བཅོས་ཀྱི་ལཱ་ཚུ་ ཨ་རྟག་ར་ འབད་དོ་ཟེར་ཨིན་པས།
ད་རེས་ཀྱི་ ཟླཝ་འགོ་བཙུགས་ཁམས་ཅིག་ཁར་ ཇོ་མོ་གཙང་ཁ་དྲུང་ཁག་དང་ རྒེད་འོག་བདག་སྐྱོང་ སྒེར་སྡེ་དང་ཚོང་པ་ བདེ་སྲུངཔ་ ནགས་ཚལ་ ཁྲིམས་སྲུང་འགག་པ་ཚུ་གིས་ཡང་ གཡུར་བ་སེལ་ནི་དང་ ཉམས་བཅོས་ཀྱི་ལཱ་ཚུ་ འབད་ཡོདཔ་ད་ བསམ་གྲུབ་ལྗོངས་མཁར་ལས་ ཨ་སམ་ལུ་ ཞིང་ཆུའི་གཡུར་བ་༡༥ དེ་ཅིག་ཡོདཔ་ཨིན་པས།
དེ་ཡང་ བསམ་གྲུབ་ལྗོངས་མཁར་ལས་ ཨ་སམ་རྫོང་ཁག་གཉིས་ཀྱིས་ ཞིང་ཆུ་སྤྱོད་མི་ ཆུའི་གཡུར་བ་༤ ཡོད་མི་ལས་༢ ཕུན་ཚོགས་རབ་བརྟན་གླིང་༼མེ་ཏང་ག༽ དང་༢ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ ས་ཁོངས་ནང་ཨིནམ་ད་ ཆུའི་གཡུར་བ་༡༠ དེ་ ཇོ་མོ་གཙང་ཁ་དྲུང་ཁག་ལས་ བཀྲམ་སྤེལ་འབདཝ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

བསམ་གྲུབ་ལྗོངས་མཁར་གྱི་ སློབ་གྲྭ་ཚུ་ ལོག་སྒོ་ཕྱེས་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༨ ལས་ བསམ་གྲུབ་ལྗོངས་མཁར་གྱི་ ས་གོ་གཞན་ཁའི་ སློབ་གྲྭ་ཁག་ཚུ་ ལོག་སྒོ་ཕྱེས་ཡོད་རུང་ སློབ་ཕྲུག་ཨ་ལོ་ཚུ་ བདུན་ཕྲག་༡ གི་རིང་ ཟུར་བཞག་འབད་ཡོདཔ་ལས་ སློབ་ཕྲུག་མང་ཤོས་ར་ སྤྱི་ཟླ་༡༠ པའི་ཚེས་༤ …

Leave a Reply

Your email address will not be published. Required fields are marked *