འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ གོ་སྐབས་ཚུ་ འདྲ་མཉམ་སྦེ་ར་ ཐོབ་ཚུགས་སྟེ་ཡོད་ཟེར་ཨིན་པས།

དེ་ཡང་ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཡོངས་འབྲེལ་ཐོག་ལས་ ད་རེས་ ཡུ་ཨེསི་ཨེ་གི་ས་གནས་ ནིའུ་ཡོག་ལུ་སྦེ་ འཚོགས་པའི་བསྒང་ཡོད་མི་ འཛམ་གླིང་སྤྱི་ཚོགས་ ཡོངས་ཁྱབ་ཞལ་འཛོམས་ཐེངས་༧༥ པའི་དོན་ལུ་ གསལ་བཤད་གནང་ཡི།

བློན་ཆེན་གྱིས་ གསུངས་མིའི་ནང་ འཛམ་གླིང་སྤྱི་ཚོགས་ གཞི་བཙུགས་འབད་དེ་ ལོ་ངོ་༧༥ ལང་མི་དང་འཁྲིལ་ འབྲུག་གིས་ཡང་ འདས་པའི་ལོ་ངོ་བཅུ་ཕྲག་༥ དེ་ཅིག་གི་རིང་ འཐུས་མི་གི་ གོ་སྐབས་ལེན་ཏེ་ གྲལ་གཏོགས་འབད་ཡོདཔ་ད་ ད་ལྟོ་ཚུན་ འཛམ་གླིང་སྤྱི་ཚོགས་ཀྱིས་ འབྲུག་པའི་ མི་སྡེའི་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ མཉམ་འབྲེལ་སྦོམ་འབད་ཡོདཔ་ད་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་དང་ འདྲན་འདྲ་སྦེ་ར་ གོང་འཕེལ་གཏང་ནི་ལུ་ཡང་ རྒྱབ་སྐྱོར་སྦོམ་འབད་དེ་ཡོད་ཟེར་ཨིན་པས།

དེ་ལུ་བརྟེན་ འཛམ་གླིང་སྤྱི་ཚོགས་དང་ གཞན་མི་མཉམ་འབྲེལ་རྒྱལ་ཁབ་ཚུ་གིས་ རྒྱབ་སྐྱོར་གནང་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་གསུངས་ཡི།

འཛམ་གླིང་གནམ་གཤིས་འགྱུར་བགྲོད་བཟུམ་སྦེ་ ད་རེས་ ནད་ཡམས་ཀོ་བིཌ་-༡༩ གིས་ཡང་ ང་བཅས་ཆ་ཁྱབ་ ནང་འཁོད་ལུ་ འབྲེལ་བ་སྦོམ་ཡོད་པའི་ དྲན་གསོ་འབདཝ་མས་ཟེར་ཨིནམ་ད་ གནམ་གཤིས་བསྒྱུར་བགྲོད་དང་ ནད་ཡམས་དེ་གིས་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཚུ་ལུ་ དབྱེ་བ་མེད་པར་ གནོད་པ་བྱུང་དོ་ཡོདཔ་ལས་ ད་ལྟོའི་ ཞལ་འཛོམས་ཀྱི་དམིགས་དོན་དང་ འོས་འབབ་སྦོམ་ བཟོཝ་ཨིན་མས་ཟེར་ཨིན་པས།

ང་བཅས་ཀྱིས་ལཱ་ཚུ་ མཉམ་འབྲེལ་ཐོག་ལས་དང་ ཐབས་བྱུས་ཀྱི་སྒོ་ལས་ མ་འབད་བ་ཅིན་ ད་ལྟོའི་ ཀོ་བིཌ་-༡༩ དང་ མ་འོངས་ཀོ་བིཌ་ཚུ་གིས་ ང་བཅས་རའི་ གོང་འཕེལ་དང་ གྲུབ་འབྲས་ཚུ་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ ལོག་རྒྱབ་ཁར་གཏང་ནིའི་ཉེན་ཁ་ཡོདཔ་ལས་ མ་འོངས་པའི་དོན་ལུ་འབད་རུང་ ཕྱོགས་སྣ་མང་གི་ མཐུན་འབྲེལ་ལུ་ གཙོ་བོར་བཟུང་དགོཔ་འདུག་ཟེར་ཨིན་པས།

དེ་མ་ཚད་ རྒྱལ་ཁབ་སྤྱང་ཀ་ཚུ་གི་དོན་ལུ་ འབད་བ་ཅིན་ ཧ་ལམ་ གོང་འཕེལ་གྱི་གནས་སྟངས་ཚུ་ ལོག་སོར་ཆུད་འབད་མ་ཚུགས་པའི་ གནས་སྟངས་ལུ་ཡང་ འགྱུར་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ མ་འོངས་པའི་སྐོར་ལས་ སླབ་པའི་སྐབས་ འཛམ་གླིང་སྤྱི་ཚོགས་ལོ་ངོ་༡༠༠ འཁོར་བའི་ དུས་སྟོན་དེ་ཨིནམ་ད་ དེ་གི་རིང་ མི་ངོ་རང་སོ་གིས་ རང་གི་མི་ཚེ་དོན་ལྡན་ཐོག་ སྡོད་ཚུགསཔ་བཟོ་ནིའི་དོན་ལུ་ དགོས་མཁོ་ཅན་གྱི་ རིག་རྩལ་དང་ཡོན་ཏན་ཚུ་ འཐོབ་ཚུགསཔ་བཟོ་ནི་ལུ་ འབྲི་ལྷག་ཤེས་ཡོན་གྱི་ཁྱབ་ཚད་ བརྒྱ་ཆ་ལས་བརྒྱ་སྦེ་ བསྒྲུབ་ཚུགསཔ་འབད་དགོཔ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ ཤེས་ཡོན་དང་སྦྲགས་ མི་ངོ་རེ་རེ་བཞིན་དུ་གིས་ ཌི་ཇི་ཊཱལ་གྱི་ཞབས་ཏོག་ཚུ་ ལག་ལེན་འཐབ་ཐོག་ལས་ འཛམ་གླིང་གི་ས་གནས་ག་ཏེ་འབད་རུང་ ཚོང་འབྲེལ་དང་ གཞན་མི་གོ་སྐབས་ཚུ་ འཚོལ་ཚུགསཔ་བཟོ་དགོཔ་ཡོད་ཟེར་ཨིན་པས།

བློན་ཆེན་གྱིས་ བཤད་མིའི་ནང་ ཁོ་ར་ ཌོག་ཊར་ཅིག་ ཨིན་མི་དང་འཁྲིལ་ སྤྱི་ལོ་༢༠༤༥ ལུ་ འཛམ་གླིང་སྤྱི་ཚོགས་ལོ་ངོ་༡༠༠ འཁོར་བའི་སྐབས་ འཛམ་གླིང་གི་གསོ་བའི་ལམ་ལུགས་ཚུ་ རྒྱ་ཆེ་དྲགས་སྦེ་ར་ ཡར་དྲག་སོང་སྟེ་ མི་གི་སྤྱིར་བཏང་ ཚེ་རིང་ཐུང་གི་ཚད་གཞི་དེ་ ཨང་རིམ་༣ པ་ལུ་ལྷོད་པའི་ སྨོན་ལམ་བཏབ་ནི་དང་ ག་དེམ་ཅིག་སྦེ་ འཛམ་གླིང་དང་ དམིགས་དོན་དང་དམིགས་གཏད་ཚུ་ གཅིག་མཚུངས་ཀྱི་ཐོག་ལུ་ མཉམ་བསྡོམས་སྦེ་ལཱ་འབད་བ་ཅིན་ དཀའ་ངལ་ག་བཟུམ་འཐོན་རུང་ བསལ་མ་ཚུགསཔ་མི་འོང་ནི་དང་ འབད་མ་ཚུགས་པའི་ལཱ་ཡང་ ག་ཅི་ཡང་ མི་འོང་ཟེར་ བློན་ཆེན་གྱིས་གསུངས་ཡི།

དེ་བཟུམ་སྦེ་ ཁ་ཙ་ ནང་སྲིད་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ ཡོངས་ཁྱབ་ཞལ་འཛོམས་ནང་ གསལ་བཤད་འབད་དང་འཁྲིལཝ་ད་ ནད་ཡམས་དེ་ལུ་བརྟེན་ འཛམ་གླིང་ནང་ མི་སེར་ས་ཡ་ལས་བཅད་མི་ཚུ་ལུ་ བར་ཆད་བྱུང་མི་ལུ་ལྟ་སྟེ་ སེམས་ཕམ་ཡོད་ཟེར་ཨིནམ་མ་ཚད་ གནས་སྟངས་དེ་ མགྱོགས་པ་ར་ ཞི་ཚུགས་པའི་རེ་བ་བསྐྱེད་དོ་ཟེར་ཨིན་པས།

ནད་ཡམས་དེ་གིས་ འཛམ་གླིང་ནང་གི་ རྒྱལ་ཁབ་སྤྱང་ཀ་ཚུ་ལུ་ གནོད་པ་སྦོམ་སྦེ་ར་ རྐྱབ་ཡོདཔ་མ་ཚད་ གོང་འཕེལ་ཉུང་སུ་ཅིག་ལས་བརྒལ་མ་འགྱོ་མི་ རྒྱལ་ཁབ་ཚུ་ལུ་ཡང་ གནོད་སྐྱོན་སྦོམ་བྱུང་རུང་ འབྲུག་ལུ་ རྒྱལ་ཡོངས་ཀྱི་འགོ་ཁྲིདཔ་ སྒྲིང་སྒྲི་ཡོད་མི་དང་འཁྲིལ་ ནད་ཡམས་གདོང་ལེན་ལུ་ ཕྱག་ལཱ་རྩ་འགེངས་གནང་ཡོདཔ་ལས་ གནོད་སྐྱོན་སྦོམ་མ་བྱུང་ནི་དེ་གིས་ སྐལ་བ་བཟང་ཡི་ཟེར་ཨིན་པས།

ང་བཅས་ཀྱི་ གདོང་ལེན་གྱི་ཐབས་ལམ་དེ་ བརྟག་དཔྱད་དང་ ཉེན་སྲུང་ དེ་ལས་ ཚད་འཛིན་འབད་ནི་ཚུ་ལུ་ གཞི་བཞག་ཐོག་ལས་ རྩ་འགེངས་ཏེ་ འབད་ཡི་ཟེར་ཨིན་པས།

ང་བཅས་ཀྱི་ དཔལ་འབྱོར་གྱི་ལས་སྣ་ག་ར་ལུ་ གནོད་སྐྱོན་བྱུང་མི་དང་འཁྲིལ་ རྒྱལ་ཡོངས་གོང་འཕེལ་གྱི་ འཆར་གཞི་ཚུ་ཡང་ གློ་འབུར་གྱི་མཁོ་དོན་བསྒྱུབ་ནིའི་དོན་ལུ་ བསྐྱར་ཞིབ་འབད་དེ་ཡོད་ཟེར་ཨིན་པས།

འབྲུག་གིས་ གོང་འཕེལ་ཉུང་མཐའ་འགྱོ་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ ཕྱིར་འཐོན་འབད་ནིའི་དོན་ལུ་ རྒྱལ་ཡོངས་ནང་འཁོད་ཐོན་སྐྱེད་དང་ ཚད་རྩིས་རིམ་ཨང་གནད་སྡུད་ཀྱི་ཐད་ཁར་ ཁྱད་ཚད་ཚང་ཡོདཔ་ཨིན་རུང་ དཔལ་འབྱོར་གནས་སྟངས་ ཉེན་འཚུབ་ཅན་ཡོད་མེད་ཀྱི་ ཁྱད་ཚད་ཚང་མ་ཚུགས་པར་ ཡོད་ཟེར་ཨིན་པས།

བློན་པོ་གིས་འབད་བ་ཅིན་ ནད་ཡམས་ཀྱི་ གནས་སྟངས་དེ་གིས་ དཔལ་འབྱོར་གནས་སྟངས་ལུ་ ཧེང་སྐལ་ར་ གནོད་སྐྱོན་མི་རྐྱབ་ག་མནོ་བའི་ ཚ་གྱང་ཡོད་ཟེར་ཨིན་པས།

འབྲུག་གིས་ སྤྱི་ལོ་༢༠༢༢ སྤྱི་ཟླ་༧ པའི་ནང་ ཡུན་བརྟན་གོང་འཕེལ་གྱི་ གནས་ཚད་མཐོ་བའི་སྲིད་དོན་ཞལ་འཛོམས་ནང་ རྒྱལ་ཡོངས་ཁས་བླངས་སྙན་ཞུ་ཐེངས་༢ པ་ གསལ་ཞུ་འབད་ནི་ཨིནམ་བཞིན་དུ་ དེ་གི་སྐབས་ལུ་ ནད་ཡམས་དེ་གིས་ འབྲུག་གིས་ ཡུན་བརྟན་གོང་ཕེལ་ལས་སྣ་ཚུ་ བསྒྲུབ་ནིའི་ལཱ་འབད་ནི་ལུ་ ནད་ཡམས་ཀྱིས་ ག་དེ་སྦེ་ར་ བར་ཆད་བྱུང་ནུག་ག་ ཧ་གོ་ཚུགས་པའི་ གོ་སྐབས་འོང་ནི་མས་ཟེར་ཨིན་པས།

འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ཞལ་འཛོམས་ ཐེངས་༧༥ པ་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༥ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ཚེས་༣༠ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *