ཁ་ཙ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་དང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་༢ ཀྱིས་ དངོས་མཐོང་ཡོངས་འབྲེལ་ཐོག་ལས་ རུ་པེ་ཤོག་བྱང་ཟེར་མི་ དབྱེ་ཁག་༢ པ་ འགོ་འབྱེད་གནང་ཡི།

འབྲུག་གི་འཕྲུལ་སྐར་ གནམ་སྟོང་གཏང་ནི་ལུ་ རྒྱ་གར་ལས་རྒྱབ་སྐྱོར།

༉ འབྲུག་དང་ རྒྱ་གར་རྒྱལ་ཁབ་༢ ཀྱི་བར་ན་ བརྡ་དོན་དང་ གནམ་སྟོང་འཕྲུལ་རིག་གི་ མཐུན་འབྲེལ་ཡར་དྲག་སོང་ཡོདཔ་བཞིན་དུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་གིས་ འབྲུག་གི་འཕྲུལ་སྐར་ གནམ་སྟོང་ལུ་གཏང་ནི་ འགོ་འབྱེད་འབད་ནི་དང་ རྒྱལ་སྤྱི་བརྡ་དོན་ཡོངས་འབྲེལ་རྒྱུན་ལམ་༣ པ་ ལེན་ནིའི་དོན་ལུ་ རྒྱ་གར་གྱི་ ཁ་ཐུག་ལས་ ལྷན་ཐབས་འབད་ནི་སྐོར་ གསལ་བསྒྲགས་འབད་ཡི།
དེ་ཡང་ ཁ་ཙ་ དངོས་མཐོང་ཡོངས་འབྲེལ་ཐོག་ལས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་དང་གཅིག་ཁར་ རུ་པེ་ཤོག་བྱང་ཟེར་མི་ དབྱེ་ཁག་༢ པ་ འགོ་འབྱེད་གནངམ་ད་གསུངས་ཡི།
བློན་ཆེན་མོ་དི་གིས་འབད་བ་ཅིན་ སང་ཕོད་ འབྲུག་པའི་འཕྲུལ་སྐར་དེ་ གནམ་སྟོང་ལུ་ གཏང་ནིའི་དོན་ལས་ ཤུལ་མའི་ཟླཝ་ནང་ རྒྱ་གར་གནམ་སྟོང་ཞིབ་འཚོལ་ལས་སྡེ་གིས་ འབྲུག་ལས་ ན་གཞོན་གནམ་སྟོང་བཟོ་རིགཔ་༤ མགྲོན་བརྡ་འབད་དེ་ཡོད་ཟེར་ཨིན་པས།
འབྲུག་པའི་ན་གཞོན་ཚུ་ལུ་ བཀྲིས་བདེ་ལེགས་གསུངསམ་དང་འབྲེལ་ བློན་ཆེན་མོ་དི་གིས་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱིས་ གནམ་སྟོང་དེ་ སྒེར་གྱི་ཚོང་འབྲེལ་དོན་ལུ་ སྒོ་ཕྱེ་སྟེ་ཡོད་ཟེར་གསུངས་ཡི།
བློན་ཆེན་མོ་དི་གིས་འབད་བ་ཅིན་ ས་གོ་དེ་ནང་ ལེགས་བསྒྱུར་སྦོམ་འབད་དེ་ཡོད་མི་དེ་གིས་ ལྕོགས་གྲུབ་གོང་འཕེལ་དང་ གསར་གཏོད་ དེ་ལས་ རིག་རྩལ་ཚུ་ ཡར་དྲག་གཏང་ཚུགས་ནི་དང་ སང་ཕོད་ལས་ འབྲུག་པའི་འཕྲུལ་སྐར་ གནམ་སྟོང་ནང་ གཏང་ནི་ཨིན་པའི་སྐོར་ གནས་ཚུལ་གོ་མི་ལུ་ སེམས་དག་ཡི་ཟེར་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གནམ་སྟོང་ལས་སྡེ་དང་ མཉམ་འབྲེལ་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ མཉམ་འབྲེལ་བ་༢ དང་ གན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་བཞིན་དུ་ ལས་རིམ་གསརཔ་ རྒྱ་གར་དང་ གཞུང་གི་མཉམ་འབྲེལ་ཐོག་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགོངས་བཞེས་འགྲུབ་ནིའི་ ཐབས་ལམ་གལ་ཅན་ཅིག་ཨིན་ཟེར་ གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ མི་དབང་མཆོག་གིས་ འབྲུག་པའི་ན་གཞོན་ཚུ་གིས་ འབྲེལ་ཡོད་གནམ་སྟོང་ཚན་རིག་དང་ འཕྲུལ་རིག་གི་ རིག་པ་དང་ རིག་རྩལ་ཚུ་ ཡར་དྲག་གཏང་ཚུགས་པའི་ འོས་འབབ་སྦོམ་ཡོདཔ་ གཟིགས་ནུག་ཟེར་ཨིན་པས།
མི་དབང་མཆོག་གི་ ཐུགས་ཀྱི་རེ་འདོད་ཚུ་ འགྲུབ་ཐབས་འབད་ནི་ལུ་ རྒྱ་གར་གྱི་ ཉམས་མྱོང་དང་ མཐུན་རྐྱེན་ཚུ་ བརྗེ་སོར་འབད་ནིའི་དོན་ལུ་ གྲ་སྒྲིག་ཡོད་པའི་ཁར་ འབྲུག་ལུ་ བརྡ་དོན་ལུ་བརྟེན་པའི་ མི་སྡེ་ཅིག་སྦེ་ བཟོ་ནི་གི་ དམིགས་དོན་ལུ་ རྒྱབ་སྐྱོར་སྦོམ་ཡོད་ཟེར་ རྒྱ་གར་གྱི་ བློན་ཆེན་གྱིས་ གསུངསམ་ཨིན་པས།
བློན་ཆེན་ན་རེན་ད་ར་མོ་དི་གིས་  རྒྱ་གར་གྱིས་ དུས་རྒྱུན་དུ་ གོང་འཕེལ་གྱི་དོན་ལུ་ གནམ་སྟོང་འཕྲུལ་རིག་དེ་ ལག་ལེན་འཐབ་དོ་ཡོདཔ་མ་ཚད་ རྒྱ་གར་དང་ འབྲུག་༢ ཀྱིས་ རང་སོའི་དམིགས་ཡུལ་ཚུ་ བརྗེ་སོར་འབད་དོ་ཟེར་གསུངས་ཡི།
བློན་ཆེན་༢ ཀྱིས་ གཞན་དང་མ་འདྲ་བའི་ མཛའ་བཤེས་མཐུན་འབྲེལ་སྐོར་ལས་ བསམ་འཆར་བསྡུ་ལེན་འབད་ཡོདཔ་ད་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རྒྱ་གཞུང་ལས་ རྒྱབ་སྐྱོར་གང་དྲག་གནང་མི་ལུ་ བཀྲིན་དགའ་ཚོར་ཞུ་བའི་ཁར་ རྒྱ་གཞུང་གི་ རྒྱབ་སྐྱོར་ལུ་བརྟེན་ སྨན་བཅོས་སྣ་ཚོགས་ཀྱི་ སྨན་ཁང་ཡང་ གཞི་བཙུགས་འབད་དེ་ མཇུག་བསྡུ་ནི་གུ་ ལྷོད་དེ་ཡོད་ཟེར་གསུངས་ཡི།
རུ་པེ་དབྱེ་ཁག་དང་པ་ འགོ་འབྱེད་འབད་བའི་ཤུལ་ལུ་ རིམ་ལུགས་ཐོག་ལས་ རུ་པི་ས་ཡ་༣༦.༥༢ གནས་པའི་ དངུལ་སྤྲོད་ལེན་༡༠,༤༢༨ དེ་ཅིག་ འབད་ཡོདཔ་ཨིན་པས།
ལམ་ལུགས་ཀྱི་ དབྱེ་ཁག་༢ པ་ འགོ་འབྱེད་འབད་མི་དེ་གིས་ འབྲུག་མི་ཚུ་ རྒྱ་གར་ལུ་ འགྱོ་བའི་སྐབས་ རྒྱལ་ཁབ་དེ་ནང་ འབྲུག་པའི་དངུལ་གྱི་ ཤོག་བྱང་ཚུ་ ལག་ལེན་འཐབ་ཐོག་ལས་ དངུལ་བཏོན་ཚུགས་ནི་ཨིནམ་ད་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ རུ་པེ་ཤོག་བྱང་ཚུ་ དངུལ་བཏོན་ཤོག་བྱང་༡༠༠,༠༠༠ ལྷགཔ་ཅིག་དང་ ཚོང་འབྲེལ་ས་ཁོངས་ས་ཡ་༢ ནང་ ངོས་ལེན་ཐོག་ ཏི་རུ་བཏོན་ཚུགས་ནི་དང་ རང་གི་རྩིས་ཁྲ་ནང་ ལྷག་ལུས་ག་དེམ་ཅིག་ཡོདཔ་ཨིན་ན་ཡང་ བལྟ་ཚུགས་ནི་ཨིན་པཔའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *