འབྲུག་གནས་ཚད་ཡིག་ཚང་དང་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གི་ འགོ་འཛིན་༢ ཀྱི་བར་ན་ གོ་བརྡའི་ཆིངས་ཡིག་གུ་ མིང་རྟགས་བཀོད་ཅི།

འབྲུག་གནས་ཚད་དང་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གཉིས་ མཉམ་འབྲེལ་འབད་ནི།

༉ ཚོང་ལཱ་དང་ ཀུན་སྤྱོད་བཟང་པོའི་སྒོ་ལས་ ཚོང་འབྲེལ་ལེགས་ཤོམ་སྦེ་ འཐབ་ཚུགས་ནིའི་དོན་ལུ་ ཁ་ཙ་ འབྲུག་གནས་ཚད་ཡིག་ཚང་དང་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གི་ འགོ་འཛིན་༢ ཀྱི་བར་ན་ གོ་བརྡའི་ཆིངས་ཡིག་གུ་ མིང་རྟགས་བཀོད་ཅི།
དེ་ཡང་ དཔལ་འབྱོར་ཁེ་ཕན་སྲུང་སྐྱོབ་དང་ ཁྲོམ་ཚོང་ཚུ་ནང་ མཁོ་འདོད་བཀོད་མི་ མི་སེར་ཚུ་གི་ ཉེན་སྲུང་ལུ་ ཅ་ཆས་དང་ ཐོན་སྐྱེད་ དེ་ལས་ ཚད་ལྡན་ཞབས་ཏོག་བྱིན་ཐབས་ལུ་ ལས་སྡེ་གཉིས་ཀྱི་ མཉམ་རུབ་དང་ གཅིག་མཐུན་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་པས།
ཆིངས་ཡིག་དེ་གི་ དམིགས་གཏད་ངོ་མ་ར་ སྤུས་ཚད་དང་ལྡན་པའི་ ཉེར་མཁོ་ཚུ་ ཐོན་སྐྱེད་འབད་ནིའི་ འགྲན་བསྡུར་གྱི་ གོ་སྐབས་དང་ སྤུས་ཚད་འོས་ལྡན་ཡོད་མེད་ དེ་ལས་ ཟད་བཅུད་བརྟག་དཔྱད་འབད་ནི་དང་ མི་མང་གིས་ ཆ་བཞག་ཚུགས་པའི་ ཐོན་སྐྱེད་ཚུ་ ལྟ་རྟོག་འབད་ནི་དེ་ཨིན་པས།
ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གི་ འགན་དབང་དེ་ཡང་ ཚོང་འབྲེལ་གྱི་དོན་ལུ་ ཚད་ལྡན་ཡོད་མེད་ཀྱི་ ཐོན་སྐྱེད་ལྟ་རྟོག་འབད་ནི་དང་ སྦུང་ཚད་དང་ ཚད་འཇལ་ནི་ དེ་ལས་ ཚོང་ལཱ་གི་ ཐོབ་དབང་སྤྲོད་ནི་ཨིནམ་ད་ ཁྲོམ་ཚོང་ནང་ འོས་ཚད་ལྡནམ་སྦེ་ མི་མང་ལུ་ ཞབས་ཏོག་སྤྲོད་ནིའི་དོན་ལུ་ ཉེར་སྤྱོད་ཚུ་གི་ གནས་ཡུན་དང་ ལྗིད་ཚད་ ཨིན་མིན་ཚུ་ ལྟ་རྟོག་འབད་ནི་དེ་ཨིན་པས།
དེ་བཟུམ་སྦེ་ དཔལ་འབྱོར་ཁེ་ཕན་དང་ མི་མང་གི་ ཉེན་སྲུང་ལུ་ ཁྲོམ་ཚོང་ཚུ་ནང་ཡོད་པའི་ ཐོན་སྐྱེད་དང་ ཉེར་སྤྱོད་ཚུ་གི་ བརྟག་དཔྱད་འབད་ནི་དང་ རྒྱལ་ཡོངས་ཚད་ལྡན་ཐོན་སྐྱེད་དང་ ཞབས་ཏོག་སྤྲོད་ཐབས་ལུ་ འཆར་གཞི་ལས་སྣ་ཚུ་ བརྩམ་ནི་ཨིནམ་ད་ ལས་སྡེ་གཉིས་ཀྱི་བར་ན་ བརྡ་དོན་བརྗེ་སོར་འབད་ནི་དང་ འཆར་གཞི་ལས་རིམ་བརྩམ་ནིའི་ འགན་འཁྲི་ཡང་ ཕོགཔ་ཨིན་པས།
དེ་མ་ཚད་ ཉོ་སྤྱོད་ཉེན་སྲུང་དང་ ཐད་ཀར་དང་ ཐད་ཀར་མེན་པའི་ཐོག་ལས་ འབྲེལ་གཏོགས་འབད་མི་ གཞུང་གི་ལས་སྡེ་དང་ ཁེ་གྱོང་ཅན་གྱི་ ལས་སྡེ་ཚུ་ཡོདཔ་ལས་ ད་ལས་ཕར་ འབྲུག་གནས་ཚད་ཡིག་ཚང་དང་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གཉིས་ཀྱི་ འགོ་འདྲེན་ཐོག་ལས་ གཅིག་མཐུན་བཟོ་ནི་ཨིན་པས།
ད་ལྟོ་ཚུན་ཚོད་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གིས་ ཐའི་ལེནཌ་ལུ་ཡོད་མི་ ཉོ་སྤྱོད་ཉེན་སྲུང་བཀོད་ཚོགས་ཡིག་ཚང་དང་ མཉམ་འབྲེལ་འབད་བའི་ཁར་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ རྒྱལ་སྤྱི་ཉོ་སྤྱོད་ལས་སྡེ་དང་ མཐུད་སྦྲེལ་འབད་དེ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *