འབུམ་སྡེ་གླིང་རྒཔོ་སྦེ་ བཙག་འཐུ་གྲུབ་མི་གིས་ ཚོགས་རྒྱན་༤༡༩ ཐོབ་ཡོདཔ།

  ཁ་ཙ་ བཀྲིས་གཡང་རྩེ་འབུམ་སྡེ་གླིང་རྒེད་འོག་གི་ རྒཔོ་ས་སྟོང་ཐོན་མིའི་དོན་ལུ་ དུས་མིན་བཙག་འཐུ་ནང་ འདེམས་ངོ་༡ ལས་བརྒལ་མེད་མི་ལུ་ དགོ་མི་དགོ་གི་ ཚོགས་རྒྱན་བཙུགསཔ་ད་ དགོ་གི་ཚོགས་རྒྱན་མངམ་ཐོབ་སྟེ་ སྐྱེས་ལོ་༤༣ ལང་མི་ ཕུརཔ་འཕྲིན་ལས་དེ་ བཙག་འཐུ་གྲུབ་ཅི།

དེ་ཡང་ ཚོགས་རྒྱན་ཡོངས་བསྡོམས་༥༢༨ བཙུགས་མི་ལས་ ཕུརཔ་འཕྲིན་ལས་ཀྱིས་ དགོ་གི་ཚོགས་རྒྱན་༤༡༩ ཐོབ་ཡོདཔ་ད་ མི་དགོ་གི་ ཚོགས་རྒྱན་བཙུགས་མི་༡༠༩ མ་གཏོགས་ མ་ཐོན་པས།

ཚོགས་རྒྱན་བཙུགས་ནིའི་ ཁྱད་ཚད་ལྡན་མི་༢,༡༩༨ ཡོད་མི་ལས་ བརྒྱ་ཆ་༢༤ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ ཚོགས་རྒྱན་འཕྲུལ་ཆས་ནང་ ཚོགས་རྒྱན་དགོ་ཟེར་མི་༢༩༣ དང་ མི་དགོ་ཟེར་མི་ ཚོགས་རྒྱན་༩༤ དེ་ལས་ འགྲེམ་ཐོག་ཚོགས་རྒྱན་ནང་ དགོ་ཟེར་མི་ ཚོགས་རྒྱན་༡༢༦ དང་ མི་དགོ་ཟེར་མི་༡༥ བཙུགས་ནུག།

ཕུར་པ་འཕྲིན་ལས།

བཙག་འཐུའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ དུས་མིན་བཙག་འཐུ་དེ་ ས་སྟོང་ཐོན་ཏེ་ ཉིན་གྲངས་༩༠ གི་ནང་འཁོད་ བཙག་འཐུ་འགོ་འདྲེན་འཐབ་དགོཔ་ཨིན་རུང་ ཀོ་བིཊ་༡༩ ལུ་བརྟེན་ ལུས་སོཔ་ཨིན་པས།

རྒཔོ་གི་གོ་གནས་དོན་ལུ་  འདེམས་ངོ་༣ ཐོན་ཡོད་རུང་ འདེམས་ངོ་༡ སྲིད་ཚོགས་ཀྱི་ འཐུས་མི་སྦེ་ཐོ་བཀོད་ཡོད་མི་དང་༡ ཉེས་ལས་འཐབ་པའི་ གནས་ཐོ་ཡོད་མི་ལུ་བརྟེན་ གནས་ཚད་ཚང་མ་ཚུགསཔ་ལས་ གདམ་འཐུ་མ་གྲུབ་པས།

འབུམ་སྡེ་གླིང་རྒཔོ་གི་ ས་སྟོང་དེ་ རྫོང་ཁག་ཁྲིམས་འདུན་གྱིས་ རྒཔོ་༢ པ་སྦེ་ བཙག་འཐུ་གྲུབ་མི་ ཡེ་ཤེས་རྡོ་རྗེ་གིས་ ཡིག་ཆ་རྫུས་བཟོ་ཐོག་ལས་ བྱ་ངན་འཐབ་པའི་ བཙོན་ཁྲིམས་ལོ་༢ དང་ ཟླཝ་༡༠ ཕོག་མི་ལུ་བརྟེན་ ཐོན་ཡོདཔ་ཨིན་པས།

རྒཔོ་གི་དོན་ལས་ ད་རེས་ དུས་མིན་བཙག་འཐུ་འགོ་འདྲེན་འཐབ་མི་བརྩིསཝ་ད་ དུས་ཡུན་ལོ་༤ ལྷགཔ་ཅིག་གི་ནང་ར་ བཙག་འཐུ་ཚར་༣ འགྱོཝ་ཨིན་པས།

སྤྱི་ལོ་༢༠༡༦ ལུ་ ས་གནས་གཞུང་གི་ བཙག་འཐུའི་ནང་ མ་ཎི་དབང་དྲག་དེ་ བཙག་འཐུ་གྲུབ་ཡོད་རུང་ ལོ་ན་མ་སྨིན་པའི་བུམོ་༡ ལུ་ དབང་བཙོང་ལུས་འབྲེལ་འབད་བའི་ ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ལོ་༡༢ ཕོག་མི་ལུ་བརྟེན་ དུས་མིན་བཙག་འཐུ་དེ་ སྤྱི་ལོ་༢༠༡༩ ཟླ་༩ པའི་ཚེས་༢༥ ལུ་ འགོ་འདྲེན་འཐབ་ནུག།

བཙག་འཐུ་གྲུབ་མི་  ཕུརཔ་འཕྲིན་ལས་ཀྱིས་ འབུམ་སྡེ་གླིང་རྒེད་འོག་གི་རྒཔོ་སྦེ་ སྤྱི་ལོ་༢༠༢༡ གི་ ས་གནས་གཞུང་གི་བཙག་འཐུ་ མ་རན་ཚུན་ཚོད་ གོ་གནས་འཆང་ནི་ཨིན་པས།

བཅའ་ཁྲིམས་ནང་ དུས་མིན་བཙག་འཐུ་ལས་ བཙག་འཐུ་གྲུབ་མི་ འཐུས་མི་གང་རུང་གིས་ ལྷག་ལུས་ཡོད་མི་ དུས་ཡུན་མ་ཚང་ཚུན་ཚོད་ གོ་གནས་འཆང་དགོ་ཟེར་བཀོད་ནུག།

ཕུརཔ་འཕྲིན་ལས་ཀྱིས་ སློབ་རིམ་༨ པ་ཚུན་ ལྷབ་པའི་ཤུལ་ལས་ ལོ་༨ དེ་ཅིག་ བསྟན་སྲུང་དམག་མི་དང་ ལྟ་བཤལ་ལས་སྡེ་ཅིག་ནང་ འཛིན་སྐྱོང་པ་སྦེ་ ལཱ་འབད་བའི་ ཉམས་མྱོང་ཡོདཔ་ད་ དུས་མིན་བཙག་འཐུ་ནང་ བཅའ་མར་མ་གཏོགས་པའི་ཧེ་མ་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ནང་ དེད་གཡོགཔ་སྦེ་ སྡོད་ཡོདཔ་ཨིན་པས།

སྐྱེས་ལོ་༣༤ ལང་མི་ ཚོགས་རྒྱན་བཙུགས་མི་ཅིག་གིས་ སླབ་མིའི་ནང་ རྒེད་འོག་གོང་འཕེལ་གྱི་ལས་སྣ་ཚུ་ འཕྲོ་མཐུད་འབད་ནིའི་དོན་ལུ་ ཚོགས་རྒྱན་དེ་ ཁོ་ལུ་ བཙུགས་ཅི་ཟེར་ཨིན་པས།

ཕུརཔ་འཕྲིན་ལས་ཀྱིས་ བཙག་འཐུའི་ཉོགས་བཤད་དང་འབྲེལ་བའི་ ཞུ་གཏུགས་དུས་ཡུན་ མ་ཚང་ཚུན་ཚོད་ རྒཔོ་གི་གོ་གནས་འཆང་མི་ཆོག་ནི་ཨིནམ་ད་ ཞུ་གཏུགས་དུས་ཡུན་ཡང་ ད་རེས་ལས་འགོ་བཙུགས་ཏེ་ སྤྱི་ཟླ་༡༢ པའི་ཚེས་༣ ཚུན་ཚོད་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *