འབུ་ནི་མེད་པའི་ནད་གཞི་ཚུ་ སྔོན་འགོག་འབད་ནི་ལུ་ ངོ་རྐྱང་ཚུ་གིས་ སེམས་ཤུགས་བསྐྱེད་དགོཔ།

༉ འདས་པའི་ལོ་ནང་ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཚེ་ལས་འདས་མི་ བརྒྱ་ཆ་༥༡ དེ་ཅིག་ སི་ཊོཀ་ཟེར་ ཧང་སྟོངམ་མར་ ཁ་སླབ་ནི་མེདཔ་ཐལ་ཏེ་ ཤི་རྐྱེན་བྱུང་ནུག།
རྒྱལ་ཁབ་ནང་ ད་ལྟོའི་གནས་སྟངས་བཟུམ་ཅིག་འབད་བ་ཅིན་ འབུ་ནི་མེད་པའི་ནད་གཞི་ཚུ་ ཡར་སེང་འགྱོ་བཞིན་དུ་ཡོདཔ་ད་ འབྲུག་ལུ་ ཤི་རྐྱེན་འབྱུང་དགོ་པའི་ རྒྱུ་རྐྱེན་ཚུ་གི་གྲས་ལས་ བརྒྱ་ཆ་༦༩ འབུ་ནི་མེད་པའི་ནད་གཞི་ཚུ་ལུ་བརྟེན་ཨིནམ་ད་ གཞན་དལ་གཞི་ སྔོན་འགོག་འབད་ཚུགས་པའི་ ནད་གཞི་ཅིག་ཨིན་པས།
ཕྱོགས་གཅིག་ལས་བལྟ་བ་ཅིན་ འབུ་ནི་མེད་པའི་ནད་གཞི་ཚུ་གི་སྐོར་ལས་ གོ་བརྡའི་ལས་རིམ་ཚུ་ ཆེ་རིམ་གནས་ཚད་ཚུན་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ འབྲུག་ལུ་ འབུ་ནི་མེད་པའི་ནད་གཞི་ཚུ་ སྔོན་འགོག་དང་ ཚད་འཛིན་འབད་མ་ཚུགས་མི་དེ་ གདོང་ལེན་ཅན་ཅིག་སྦེ་ར་ གནས་ཏེ་འདུག།
འཛམ་གླིང་དངུལ་ཁང་གིས་འབད་བ་ཅིན་ འབྲུག་གི་ འབུ་ནི་མེད་པའི་ནད་གཞིའི་ སྲིད་བྱུས་ནང་ སྤྱི་ལོ་༢༠༢༥ ལས་ སྐྱེས་ལོ་༦༥ ཡན་ཆད་འབད་མི་ བརྒྱ་ཆ་༤.༤ ལས་༧.༣ ལུ་ ཡར་སེང་འགྱོ་ནི་ཨིན་པའི་ ཚོད་དཔག་འབད་མི་དང་བསྟུན་ འབུ་ནི་མེད་པའི་ནད་གཞི་ཚུ་ཡང་ ཡར་སེང་འགྱོ་ནི་ཨིནམ་ལས་ རྒྱལ་ཁབ་ཀྱི་ འཕྲོད་བསྟེན་བདག་འཛིན་ལུ་ ཟད་འགྲོ་ལྕི་དྲགས་སྦེ་ར་ གནས་ནི་མས་ཟེར་ཨིན་མས།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབུ་ནི་མེད་པའི་ནད་གཞི་ཚུ་ལུ་བརྟེན་ ནདཔ་ཚུ་ སྨན་བཅོས་དོན་ལུ་ ཕྱི་ཁར་བཏང་མི་དང་ ཟད་འགྲོ་གནས་མི་ཚུ་ ལོག་ལྟབ་ཀྱིས་ ཡར་སེང་འགྱོཝ་མས་ཟེར་ ཨིན་མས།
དཔལ་འབྱོར་ཡར་ཐོན་དང་ གོང་འཕེལ་མགྱོགས་དྲགས་འགྱོ་མི་ལུ་བརྟེན་ གཟུགས་ཁམས་འཕྲོད་བསྟེན་ལུ་གནོད་པའི་ འཚོ་བའི་གནས་སྟངས་དང་བསྟུན་པའི་ ནད་གཞི་ཚུ་ འཕྲོ་མཐུད་དེ་ར་ ཁྱབ་སྤེལ་འགྱོ་ནི་ཨིནམ་ལས་ རིན་མེད་སྟོང་པར་བྱིན་མི་ གཞི་རྟེན་འཕྲོད་བསྟེན་ཞབས་ཏོག་ཚུ་ ཡུན་བརྟན་གནས་ནི་ལུ་ གདོང་ལེན་སྦོམ་འབྱུང་ནི་ཨིན་མས།
འབུ་ནི་མེད་པའི་ནད་གཞི་ཚུ་ སྔོན་འགོག་དང་ ཚད་འཛིན་འབད་ནི་དེ་ མ་འོངས་ཡུན་བརྟན་གྱི་དོན་ལུ་ གལ་ཆེ་དྲགས་ཅིག་ཨིནམ་ད་ གསོ་བའི་ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ འབུ་ནི་མེད་པའི་ནད་གཞི་ཚུ་ ཐ་ན་ རྫོང་ཁག་གི་གནས་ཚད་ནང་ཡང་ འཐོན་ནི་ཨིནམ་ལས་ སྔོན་འགོག་འབད་ནིའི་དོན་ལུ་ མ་དངུལ་བརྒྱ་ཆ་༥༠ ལྷགཔ་ཅིག་ གྲོས་འཆར་བཀོད་ཡོདཔ་ད་ དཔེ་འབད་བ་ཅིན་ སྤྱི་ལོ་༢༠༢༠ འི་ནང་འཁོད་ལུ་ ཆང་ལག་ལེན་བརྒྱ་ཆ་༥ མར་ཕབ་རྐྱབ་ནིའི་ དམིགས་གཏད་བསྐྱེད་ཡོདཔ་ཨིན་མས།
ཐིམ་ཕུག་གི་ མི་འབོར་བརྒྱ་ཆ་༩༠ལྷགཔ་ཅིག་ འབུ་ནི་མེད་པའི་ནད་གཞི་ཚུ་གི་གྲས་ལས་ ཉུང་མཐའ་༡ ཐོབ་ཡོད་པའི་ ཚོད་དཔག་འབད་མི་ལུ་ལྟཝ་ད་ མ་འོངས་པ་ལུ་ ཁྲོམ་སྡེའི་མི་འབོར་ལུ་བརྟེན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ གྱོང་རྒུད་སྦོམ་སྦེ་ར་ ཕོག་ཉེན་འདུག།
འབུ་ནི་མེད་པའི་ནད་གཞི་ཐོབ་སྟེ་ གནས་སྟངས་ཚབས་ཆེན་ནང་ལྷོད་མི་ཚུ་ རྒྱལ་ཁབ་ཕྱི་ཁར་ སྨན་བཅོས་འབད་བར་ གཏང་ནིའི་དོན་ལུ་ གཞུང་གིས་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༡༨༠ལྷགཔ་རེ་ ཟད་འགྲོ་བཏང་མི་ལུ་ལྟཝ་ད་ འཕྲོད་བསྟེན་བདག་འཛིན་ལམ་ལུགས་ སྒྲིང་སྒྲི་མ་བཟོ་བ་ཅིན་ ཟད་འགྲོ་ལྕི་དྲགས་སྦེ་ར་ གནས་ནི་ཨིན་མས།
འབུ་ནི་མེད་པའི་ནད་གཞིའི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཚུ་ རྒྱལ་ཁབ་མཐའ་དབུས་མེད་པར་ འགོ་འདྲེན་འཐབ་ནི་དེ་ ཁག་ཆེ་དྲགས་ཅིག་ཨིན་རུང་ དེ་བ་ལྷགཔ་སྦེ་ རང་གིས་རང་ལུ་ ཤ་ཚ་ཏེ་ གཟུགས་ཁམས་འཕྲོད་བསྟེན་ལུ་གནོད་པའི་ ཆང་དང་བཞེས་སྒོ་ཚུ་ སྤང་ཐབས་དང་ འཛེམ་ཐབས་འབད་བ་ཅིན་ དང་པ་ རང་ལུ་ཕན་ཐོགས་འབྱུང་ནི་དང་ གཉིས་པ་ཟེརཝ་ད་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ སྐུ་གྱོང་མ་བཀལ་བར་ བདག་གཞན་གཉིས་ཆ་ར་ལུ་ ཁེ་ཕན་དང་ དོན་སྨིན་འབྱུང་ཚུགས།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *