འཕྲོ་མཐུད་སྐྱིད་སྡུག་སྐོར་ལས་ ཤུལ་མའི་བདུན་ཕྲག་ནང་ གསལ་བསྒྲགས་འབད་ནི།

༉ རྒྱལ་ཁབ་ནང་ ནད་ཡམས་ཐོན་པའི་ཤུལ་ལས་ གཞུང་གིས་ སྤྱི་ཟླ་༤ པ་ལས་༦ པ་ཚུན་ རྒུད་གསོའི་སྐྱིད་སྡུག་གནང་མི་དང་ དངུལ་འབྲེལ་གྱི་ དགོངས་ཡངས་ལ་སོགས་པ་བྱིན་མི་དེ་ ད་རེས་ཀྱི་ ཟླ་མཇུག་ཚུན་ཨིན་རུང་ གཞུང་གིས་ ད་ལས་ཕར་ ག་དེ་སྦེ་ འབད་ནི་ཨིན་ན་ཚུ་ ཤུལ་མའི་བདུན་ཕྲག་ནང་ གསལ་བསྒྲགས་འབད་ནི་ཨིན་པས།
དེའི་སྐོར་ལས་ ཁ་ཙ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཟླ་མཇུག་ཁམས་ཅིག་ལུ་ གསལ་བསྒྲགས་འབད་ ནི་ཨིན་ཟེར་ བཤད་ཡོད་རུང་ ཁ་གསལ་སྦེ་ གསུངས་མ་བཏུབ།
ཨིན་རུང་ བློན་ཆེན་གྱིས་ གནད་དོན་དེ་ལུ་ གཞུང་གིས་ དངུལ་འབྲེལ་གཙུག་སྡེའི་ བཀོད་ཁྱབ་འགོ་དཔོན་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་གཅིག་ཁར་ གྲོས་བསྟུན་འབད་བའི་བསྒང་ཡོད་ཟེར་བཤད་ཅི།
བློན་ཆེན་གྱིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་གཅིག་ཁར་ཡང་ གྲོས་བསྟུན་འབད་ཡོདཔ་ད་ འཆར་གཞི་ ཡང་ ཧ་ལམ་ བརྩམས་ཚར་ཏེ་ཡོད་ཟེར་གསུངས་ཡི།
སྐྱིད་སྡུག་ཚུ་ སྤྱི་ཟླ་༦ པ་ཚུན་དང་ ཡང་ཅིན་ ལོ་༡ གི་རིང་ ཕར་འགྱངས་འབད་སྲིད་ནི་ཨིན་རུང་ ད་ལྟོ་ ཁ་གསལ་ཅིག་ ག་ནི་ཡང་ སླབ་མི་ཚུགས་ཟེར་གསུངས་ཡི།
སྤྱི་ཟླ་༤ པའི་ཚེས་༡༤ ལས་ སྤྱི་ཟླ་༦ པའི་ཚེས་༡༠ གྱི་བར་ན་ རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་དོན་ལུ་ མི་ ༣༢,༠༨༨ ཀྱིས་ ཐོ་བཀོད་འབད་མི་ལས་༢༢,༩༦༣ གྱིས་ སྐྱིད་སྡུག་ཐོབ་ཡོདཔ་ཨིན་པས།
སྐྱིད་སྡུག་ཐོབ་མི་ཚུའི་གྲས་ལས་༡༡,༠༤༥ ལྟ་བཤལ་ལས་སྡེ་ནང་ ལཱ་འབད་མི་ཚུ་ཨིནམ་ད་ དེའི་ཤུལ་ལས་ བརྡ་དོན་དང་སྐྱེལ་འདྲེན་ལས་ཁུངས་ནང་ལས་ མི་༤,༧༠༥ གིས་ ཐོབ་ཡོདཔ་ཨིན་པས།
སྐྱིད་སྡུག་ཐོབ་མིའི་གྲས་ལས་༡,༦༢༦ ཕྱིའི་རྒྱལ་ཁབ་ཚུ་ནང་ ལཱ་འབད་བར་སོང་སྟེ་ ལོག་ལྷོད་མི་ཚུ་ཨིནམ་ད་ དེའི་གྲས་ལས་༧༩༦ ད་ལྟོ་ ལཱ་གཡོག་མེད་པའི་ཁར་ དངུལ་ཕོགས་ཡང་ མ་ཐོབ་མི་ཚུ་ཨིན་པས།
དེ་མ་ཚད་ མི་མང་ལས་སྡེ་དང་ ལས་འཛིན་ནང་ལཱ་འབད་མི་ མི་ངོམ་༡༧ གྱིས་ཡང་ ལས་རིམ་དེ་ནང་ལས་ ཁེ་ཕན་ཐོབ་སྟེ་ཡོདཔ་ཨིན་པས།
ཕོ་མོའི་ཐད་ལས་བཅད་པ་ཅིན་ ཕོ་སྐྱེས་༡༧,༤༥༣ ཡོད་མི་དེ་ ཨམ་སྲུ་༡༤,༦༣༥ དང་ཕྱདཔ་ད་ མཐོ་ཤོས་ཨིནམ་ད་ རྫོང་ཁག་ལས་བཅད་པ་ཅིན་ ཐིམ་ཕུག་ལུ་ མཐོ་ཤོས་ཡོདཔ་ཨིན་པས།
སྐྱིད་སྡུག་ཧྲིལ་བུམ་ཐོབ་མི་ཚུ་ལུ་ ཟླཝ་རེ་ལུ་ དངུལ་ཀྲམ་༡༢,༠༠༠ དང་ ཆ་ཤས་གནོད་པ་བྱུང་མི་ལུ་ དངུལ་ཀྲམ་༨༠༠༠ དེ་ལས་ ཨ་ལོ་ཡོད་མི་ཚུ་ལུ་ ཟླཝ་རེ་ལུ་ དངུལ་ཀྲམ་༨༠༠ རེ་ བྱིན་ཡོདཔ་ཨིན་པས།
ཟླཝ་༣ གྱི་སྐྱིད་སྡུག་དེ་ གནས་སྐབས་ཐབས་ཤེས་བཟུམ་ཅིག་སྦེ་ བྱིན་ཡོད་རུང་ ནད་ཡམས་ཀྱི་གནས་སྟངས་དེ་ ད་ལྟོ་ཡང་ ལེགས་ཤོམ་མ་འགྱོ་བར་ཡོདཔ་ལས་ འཕྲོ་མཐུད་རྒྱབ་སྐྱོར་འཐོབ་ནིའི་ འོས་འབབ་ཡོདཔ་ཨིན་པས།
སྐྱིད་སྡུག་ཡིག་ཚང་གིས་ སྐྱིད་སྡུག་བྱིན་པའི་སྐབས་ མ་འོངས་པའི་ནང་ སྐྱིད་སྡུག་གི་དོན་ལུ་ ཐོ་བཀོད་འབད་མི་ མང་སུ་འཐོན་པ་ཅིན་ མ་དངུལ་གྱིས་ མི་མངམ་ལུ་ ཁྱབ་དགོཔ་ལས་ མིའི་གྱངས་ཁ་དང་འཁྲིལ་ མར་ཕབ་རྐྱབ་འོང་ཟེར་ བཤད་ཡོདཔ་ཨིན་པས།
སྐྱིད་སྡུག་ཐོབ་མི་ཚུ་ལུ་ རང་སོའི་ འོང་འབབ་ཐེབས་བཟོ་ནི་དང་ ལཱ་གཡོག་འཐོབ་པ་ཅིན་ གོ་སྐབས་ལེན་དགོཔ་སྦེ་ སླབ་ཡོདཔ་ད་ སྐྱིད་སྡུག་དེ་ འགྲོས་ཀྱིས་སྦེ་ མི་ཚུ་རང་གི་འཚོ་སྐྱོང་འབད་ཚུགསཔ་ཐལཝ་ད་ སྐྱིད་སྡུག་ཡང་ མཇུག་བསྡུ་ནིའི་འཆར་གཞི་ཡོདཔ་ཨིན་པས།
དེ་དང་གཅིག་ཁར་ སྐྱིན་འགྲུལ་ལེན་མི་ག་ར་ལུ་ ཟླཝ་༣ གྱི་ སྐྱེད་དགོངས་ཡངས་གནང་ཡོད་པའི་ཁར་ ད་རུང་ ཟླ་༣ གྱི་རིང་ སྐྱིན་འགྲུལ་ཕར་འགྱངས་འབད་ཡོདཔ་ཨིན་པས།
དངུལ་འབྲེལ་གཙུག་སྡེ་ཚུ་གིས་ འོང་འབབ་ལུ་ཐོ་ཕོག་རུང་ རྒྱལ་ཁབ་ཀྱི་ གནས་སྟངས་ལུ་བལྟ་སྟེ་ སྐྱེད་རིགས་ དགོངས་ཡངས་བཏང་ཡོདཔ་ཨིན་པས།
རྫོང་ཁག་ལས་བཅད་པ་ཅིན་ ཐིམ་ཕུག་རྫོང་ཁག་ལས་ སྐྱིད་སྡུག་དངུལ་ཀྲམ་ས་ཡ་༧༨༡.༦༨ དང་ དེའི་ཤུལ་ལས་ ཆུ་ཁ་རྫོང་ཁག་གིས་ དངུལ་ཀྲམ་ས་ཡ་༡༥༩.༤༦ དེ་ལས་ སྤ་རོ་འབད་བ་ཅིན་ དངུལ་ཀྲམ་ས་ཡ་༥༠.༡༥ ཐོབ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *