འཕྲལ་མགྱོགས་ར་ ཕྱིར་ཚོང་འཐབ་ནི་ཚུ་ ལོག་འགོ་བཙུགས་ནི།

༉ སོ་ནམ་ཐོན་སྐྱེད་ཀྱི་རིགས་ཚུ་ ཕྱིར་ཚོང་འཐབ་ནི་དེ་ སྤྱི་ཟླ་༥ པའི་ནང་ ནད་ཡམས་ཐོན་པའི་ཤུལ་ལས་ མཚམས་འཇོག་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་༩ པའི་ཚེས་༡༧ ལས་ ཕྱིར་ཚོང་འཐབ་མི་ཚུ་གིས་ དངུལ་ཁང་ཚུ་ནང་ལས་ སྐྱིན་འགྲུལ་ཡི་གུ་ཚུ་ འཐོབ་ནི་ཨིན་པས།
འབྲུག་གི་ཕྱིར་ཚོང་མཐུན་ཚོགས་ཀྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ དངུལ་ཁང་ལས་ ཡི་གུ་ཐོབ་པའི་ཤུལ་ལས་རྐྱངམ་གཅིག་
ཕྱིར་ཚོང་འཐབ་ནི་དེ་ ལོག་འགོ་བཙུགས་འོང་ཟེར་ཨིན་པས།
འགོ་དཔོན་དང་འཁྲིལཝ་ད་ ཕྱིར་ཚོང་འཐབ་ནི་དེ་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ འགྲོ་འགྲུལ་བཀག་དམ་འབད་བའི་ཚེ་ལས་ ག་ར་ བཀག་དམ་འབད་ཡོད་རུང་ ད་ལས་ཕར་ ཕྱིར་ཚོང་འཐབ་མི་ཚུ་དང་ གྲོས་བསྟུན་འབད་དེ་ འགོ་བཙུགས་དགོ་ཟེར་ ཨིན་པས།
ད་ལྟོ་ དངུལ་ཐོག་ཨ་ལཱན་ཅི་གི་དུས་ཚོད་ རྫོགས་ཡོད་རུང་ ལས་སྡེ་གིས་ སྤྱི་ཟླ་༡༢ པའི་ནང་འཁོད་ལུ་ ཨ་ལཱན་ཅི་མེ་ཊིག་ཊཱོན་༡༠༠ དེ་ཅིག་ ཕྱིར་ཚོང་འཐབ་ནིའི་ དམིགས་གཏད་ཡོད་ཟེར་ཨིན་པས།
ཨ་ལཱན་ཅི་གི་ དུས་ཚོད་རྫོགས་ནི་དེ་གིས་ བང་ལ་དེཤ་ལུ་ ཚད་ཅིག་ལས་བརྒལ་ ཕྱིར་ཚོང་མི་འཐབ་པས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་རུང་ ཁོང་གིས་ ས་སྒ་དང་ ཚོད་བསྲེ་ ཨེ་པཱལ་ དེ་ལས་ ཚལ་ལུ་ཚུ་ ཕྱིར་ཚོང་འཐབ་ནི་མེད་ཟེར་ཨིན་པས།
མཐུན་ཚོགས་དང་འཁྲིལཝ་ད་ འདས་པའི་ལོ་༢ དང་༣ དེ་ཅིག་གི་བར་ན་ ཐོན་སྐྱེད་དེ་ཚུ་ བང་ལ་དེཤ་ལུ་ ཚོང་འབྲེལ་འཐབ་ནི་དེ་ མར་བབས་སོང་སྟེ་ཡོད་ཟེར་ཨིན་པས།
དུས་ཅི་གི་ལོའི་ ཕྱིར་ཚོང་དེ་ ཕྱེད་ཀ་མར་བབས་སོང་སྟེ་ཡོད་ཟེར་ འགོ་དཔོན་ཚུ་གིས་བཤད་པའི་ཁར་ རྒྱ་གར་ལུ་འབད་ བཅིན་ ཀོ་བིཌ་ཐོན་པའི་ཤུལ་ལས་ ཐོ་སྦོམ་ཕོག་སྟེ་ཡོད་ཟེར་ཨིན་པས།
དཔེ་འབད་བ་ཅིན་ སི་ལི་གུ་རུ་གི་ ཕྱིར་ཚོང་འཐབ་མི་ཚུ་གིས་ ནད་ཡམས་ཐོན་པའི་ཤུལ་ལས་ ནེ་པཱལ་ལས་ ཕྱིར་ཚོང་འཐབ་ནི་དེ་ འཕྲོ་མཐུད་དེ་ར་ འབད་སྡོད་ཡོད་རུང་ འབྲུག་ལས་ སྤྱི་ཟླ་༦ པའི་ནང་ དོ་ཐེངས་༡ ལས་ བཙོང་མ་ཚུགསཔ་ཨིན་པས།
འགྲོ་འགྲུལ་བཀག་དམ་སྐབས་ ཕྱིར་ཚོང་དེ་ཡང་ ཧྲིལ་བུམ་སྦེ་ བཀག་ཆ་འབད་ཡོདཔ་ལས་ གཞུང་གིས་ ཚད་ལྡན་ལག་ལེན་ བྱ་རིམ་བཟོ་མི་དང་བསྟུན་ འཕྲལ་མགྱོགས་ར་ ལོག་འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེ་ཨིན་པས།
ཕུན་ཚོགས་གལིང་གི་ དངུལ་ཁང་ཚུ་ཡང་ སྤྱི་ཟླ་༩ པའི་ཚེས་༡༧ ལུ་རྐྱངམ་གཅིག་ ཕྱེ་ནི་ཨིནམ་ལས་ ཕྱིར་ཚོང་འཐབ་མི་ཚུ་གིས་ དེ་གི་ཤུལ་ལས་ དངུལ་འབྲེལ་གྱི་ ལཱ་ཚུ་འབད་ཚུགས་ནི་ཨིན་པས།
གཞུང་གིས་ ཕྱིར་ཚོང་ལོག་འགོ་བཙུགས་ནིའི་དོན་ལུ་ ཚད་ལྡན་ལག་ལེན་བྱ་རིམ་ བཟོ་ཡོད་མི་དེ་ གྲ་སྒྲིག་སོང་ཡོདཔ་ད་ དེ་དང་འཁྲིལཝ་ད་ དོ་འབག་མི་ སྣུམ་འཁོར་ཚུ་གི་དོན་ལུ་ བྱ་སྒོའི་ལམ་ལུགས་ཚུ་ བཟོ་ཡོདཔ་ཨིན་པས།
འབྲུག་ལས་ ཨེ་པཱལ་དང་ ཚལ་ལུ་ ཚོད་བསྲེ་ དངུལ་ཐོག་ ཨ་ལཱན་ཅི་ དེ་ལས་ ས་སྒ་ཚུ་ རྒྱ་གར་དང་ བང་ལ་དེཤ་ལུ་ ཕྱིར་ཚོང་འཐབ་ཨིན་པས།
འབྲུག་ཕྱིར་ཚོང་མཐུན་ཚོགས་ཀྱི་ འགན་ཁུར་དེ་ དངུལ་ཐོག་དེ་ཚུ་ ཕྱིར་ཚོང་འཐབ་ནིའི་དོན་ལུ་ ཕྱིར་ཚོང་འཐབ་མི་དང་ ཐོན་སྐྱེད་འབད་མི་ཚུ་དང་གཅིག་ཁར་ སྐྱེལ་འདྲེན་དོན་ལུ་ མཉམ་འབྲེལ་འབད་དེ་ ཐོན་སྐྱེད་ས་ཁོངས་ལས་ དོ་བཞག་ས་ ས་ཐོག་དོ་ཕབ་ལེན་འབད་ས་དང་ འོང་འབབ་དང་ཅ་དམ་ལས་ཁུངས་ དེ་ལས་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ རྩེད་ཐང་ནང་བསྐྱལ་ནི་ལུ་ མཉམ་འབྲེལ་འབད་དགོཔ་ཨིན་པས།
དོ་འབག་མི་སྣུམ་འཁོར་ ནང་ན་འོང་མི་དང་ ཕྱི་ཁར་འགྱོ་མི་ཚུ་ ཉིནམ་༡ གི་ཧེ་མར་ ཐོ་བཀོད་འབད་དགོཔ་ད་ སོ་ནམ་ཚོང་ འབྲེལ་དང་མཉམ་ལས་ཚོགས་སྡེ་ལས་ཁུངས་ཀྱིས་ སོ་ནམ་ཐོན་སྐྱེད་ཚུ་ ཕྱིར་ཚོང་ས་ཁོངས་ནང་ མ་ལྷོད་ཚུན་ བདེ་སྒྲིག་ཚུ་ འབད་ནི་དང་ ཨེ་པཱལ་དང་ ཚལ་ལུ་ ས་སྒ་ དེ་ལས་ ཨ་ལཱན་ཅི་ཚུ་ སྒེར་གྱིས་ ཕྱིར་ཚོང་འཐབ་པའི་སྐབས་ ཕན་གྲོགས་འབད་ དགོཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ཡོད་མི་ འབྲུག་ཟ་ཆས་དང་ཁྲིམས་དོན་དབང་འཛིན་གྱིས་ རིན་ཆེན་སྡིངས་ཞིབ་དཔྱད་སྒོ་ར་ལས་ དོ་ཕབ་ལེན་དང་ སྐྱེལ་ལེན་འབད་སའི་ས་ཁོངས་ནང་འགྱོ་མི་དང་ ལོག་འོང་བའི་སྐབས་ ལམ་ཁྲིད་འབད་ནི་ཨིན་པས།
དེ་བཟུམ་སྦེ་ ལས་གཡོག་ལྷན་ཁག་ཡིག་ཚང་གིས་ ནམ་དགོཔ་ཅིག་ དོ་བཀལ་མི་ལངམ་སྦེ་ བདེ་སྒྲིག་འབད་དགོ་ནི་ཨིནམ་ད་ དོ་འབག་སྟེ་ ཕྱི་ཁར་འགྱོ་ནི་ཨིན་མི་ སྣུམ་འཁོར་ཚུ་གིས་ ཕུན་ཚོགས་གླིང་ལུ་ཡོད་མི་ རིན་ཆེན་སྡིངས་ཞིབ་དཔྱད་སྒོ་ར་ལས་ དྲོ་པའི་ཆུ་ཚོད་ཕྱེད་དང་༦ དེ་ཅིག་ཁར་ ས་ཐོག་དོ་ཕབ་ལེན་འབད་མི་ས་ཁོངས་ནང་ འགྱོ་ནི་ཨིན་པས།
རྒྱ་གར་གྱི་ སྣུམ་འཁོར་ཚུ་གིས་ དོ་ཕབ་ལེན་འབད་སའི་ ས་ཁོངས་ནང་ འཛུལ་སྒོ་༢ པ་ལས་ དྲོ་པའི་ཆུ་ཚོད་༦ དང་༧ གྱི་བར་ན་ འཛུལ་དགོཔ་ད་ སྣུམ་འཁོར་ཚུ་ག་ར་ གསོ་བའི་ལམ་ལུགས་དང་འཁྲིལ་ ཉེན་སྲུང་གི་ འཕྲོད་བསྟེན་དང་འཁྲིལ་དགོཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *