འདོད་སྤྱོད་གནོད་འཚེ་འབད་མི་ ཕོ་སྐྱེས་ཅིག་ དོ་དམ་འོག་ལུ་བཙུགས་ཡོདཔ།

༉ བུམ་ཐང་གི་ ཁྲིམས་སྲུང་འགག་པ་གིས་ བསམ་རྩེ་ལས་ཨིན་མི་ སྐྱེས་ལོ་༢༤ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༡༤ ལང་མི་ བུམོ་ཅུང་ཅིག་ལུ་ འདོད་སྤྱོད་གནོད་འཚེ་འབད་བའི་ ཉེས་པ་ལུ་བརྟེན་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་དང་འཁྲིལཝ་ད་ གནད་དོན་དེའི་སྐོར་ལས་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱིས་ སྤྱི་ཟླ་༡༡ པའི་ཚེས་༡༠ ལུ་ བུམ་ཐང་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ད་ དེ་གི་ནངས་པར་ ཕོ་སྐྱེས་དེ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ཤེས་རྟོགས་བྱུང་མིའི་ནང་ ཉམས་རྒུདཔ་བུམོ་གི་ཨའི་དེ་ ཨུ་ར་ལུ་ཡོད་པའི་ ལམ་སེལ་ལས་ཁུངས་ཀྱི་ ལས་མི་ཨིནམ་ད་ ཕོ་སྐྱེས་དེ་ཡང་ ལཱ་གཅིག་ཁར་འབད་དོ་ཡོདཔ་ཨིན་པས།
བུམོ་དེ་ ཨུ་ར་ལུ་ མོ་རའི་ ཨའི་དང་གཅིག་ཁར་ སྡོད་པར་སོང་ཡོདཔ་ད་ བྱ་ངན་བྱུང་བའི་སྐབས་ མོ་གི་ཨའི་དེ་ ཕྱི་ཁར་ ལཱ་འབད་བར་སོང་ཡོདཔ་ད་ ཁྱིམ་ནང་ མོ་ར་རྐྱངམ་གཅིག་སྦེ་སྡོད་པའི་སྐབས་ ཕོ་སྐྱེས་དེ་གིས་ མོ་ལུ་ འདོད་སྤྱོད་འབད་ནིའི་ དཔའ་བཅམ་ད་ མོ་གིས་ སྐད་རྐྱབ་ཡོདཔ་ལས་ ཁྱིམ་ནང་ལས་ བྱོག་སོང་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ བུམོ་དེ་གིས་ མོ་རའི་ཨའི་ལུ་ སླབ་ཡོདཔ་བཞིན་དུ་ ཨའི་གིས་ ཕོ་སྐྱེས་དེ་གི་ ཕོ་རྒནམ་ལུ་སླབ་ཡོདཔ་ལས་ ཕོ་སྐྱེས་དེ་གིས་ བྱ་ངན་འབད་མི་དེ་ལུ་ ཚོགས་བརྡ་གཏང་ཡོདཔ་སྦེ་ཨིན་པས།
ཨིན་རུང་ ཤུལ་ལས་ གནད་དོན་དེ་གི་སྐོར་ལས་ ས་གནས་ནང་ ལོ་རྒྱུས་དར་ཁྱབ་སོང་བའི་ཤུལ་ལུ་ སློབ་གྲྭའི་བདག་སྐྱོང་གིས་ རྫོང་ཁག་གི་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱི་ ངོ་ཚབ་ལུ་ སྙན་ཞུ་འབད་དེ་ དབྱེ་དཔྱད་འབད་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ བུམོ་དེ་ལུ་ དཀྲོགས་ཡོད་པའི་ རྫུན་ཁ་བཟེད་ཡོདཔ་ད་ ཁོ་ལུ་ འདོད་སྤྱོད་གནོད་འཚེ་འབད་ཡོད་པའི་ ཉེས་འཛུགས་ཐོག་ ཁྲིམས་འདུན་ལུ་ གཏང་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། བུམ་ཐང་།

 

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *