འདོད་སྤྱོད་གནོད་འཚེ་འབད་མི་ སློབ་དཔོན་ཅིག་ལུ་ བཙོན་ཁྲིམས་ལོ་༢༠ བཀལ་ཡོདཔ།

༉ སྐྱེས་ལོ་༣༢ ལང་མི་ སློབ་དཔོན་ཅིག་གིས་ ལོ་ན་མ་སྨིན་པའི་ སློབ་ཕྲུག་བུམོ་ཚུ་ལུ་ འདོད་སྤྱོད་གནོད་འཚེ་འབད་མི་ལུ་བརྟེན་ གསར་སྤང་རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༢༠ བཀལ་ནུག།
སྤྱི་ཟླ་༩ པའི་ཚེས་༣༠ ལུ་ རྫོང་ཁག་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ རྩི་རང་རྫོང་ཁག་ གསེར་གྱི་ཐང་རྒེད་འོག་ བཀྲིས་ཐང་གཡུས་ཚན་ལས་ སྐྱེས་ལོ་༣༡ ལང་མི་ གང་ག་རམ་ སན་ཡ་སི་གིས་ ཉམས་རྒུདཔ་སློབ་ཕྲུག་བུམོ་༥ ལུ་ བྱིས་པ་བསུན་གཙེར་ ཡང་ཅིན་ འདོད་སྤྱོད་གནོད་འཚེ་གི་ཉེས་ལས་དང་ སློབ་ཕྲུག་བུམོ་༡ ལུ་ དབང་བཙོང་ལུས་འབྲེལ་འབད་ནིའི་ དཔའ་བཅམ་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༢༠ བཀལ་ཡི་ཟེར་ཨིན་པས།
མ་གཞི་ དགེ་ལེགས་ཕུག་དྲུང་ཁག་ཁྲིམས་འདུན་གྱིས་ གནད་དོན་དེ་གི་སྐོར་ འཁྲུན་ཆོད་བཏོན་ཡོད་རུང་ ཉེས་འཛུགས་བཀལ་མི་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་ཞུ་མི་དེ་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བསྐྱར་ཞིབ་མཐིལ་ཕྱིན་མཛད་ཞིནམ་ལས་ བསྒྱུར་བཅོས་མཛད་གནང་ཡི་ཟེར་ཨིན་པས།
དྲུང་ཁག་ཁྲིམས་འདུན་གྱིས་ སློབ་དཔོན་དེ་ལུ་ བཙོན་ཁྲིམས་ལོ་༢༨ དང་ཟླཝ་༦ བཀལ་ཡོད་མི་དེ་ ལོ་ན་མ་སྨིན་པའི་ སློབ་ཕྲུག་བུམོ་ཚུ་ལུ་ འདོད་སྤྱོད་འབད་ནིའི་དཔའ་བཅམ་མི་དང་ བསུན་གཙེར་འབད་ཡོདཔ་ལས་ སློབ་ཕྲུག་རེའི་དོན་ལས་ སློབ་དཔོན་དེ་ལུ་ བཙོན་ཁྲིམས་ལོ་༤ དང་ཟླ་༦ རེ་བཀལ་མི་དེ་ གཅིག་ཁར་བརྡབས་ཏེ་ ལོ་༢༨ དང་ཟླཝ་༦ བཀལ་ནུག།
དྲུང་ཁག་གིས་ ཨ་ལོ་ལོ་ཚད་༡༢ ཡན་ཆད་འབད་མི་ལུ་ གཞིར་བཟུང་སྟེ་ བཙོན་ཁྲིམས་བཀལ་ཡོདཔ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་དང་ ཉེས་འཛུགས་ཕོག་མིའི་ ངོ་ཚབ་༢ ཆ་ར་གིས་ གསར་སྤང་རྫོང་ཁག་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་ནུག།
ཉེས་འཛུགས་ཅན་གྱིས་ སྐྱེས་ལོ་༡༤ འབད་མི་ བུམོ་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་ནིའི་ དཔའ་བཅམ་མི་དང་ ཉམས་རྒུདཔ་བུམོ་གི་ ནོ་གཅུང་ཡང་ ཁོ་རའི་ཁྱིམ་ནང་ ཉལ་བཅུག་ཡོདཔ་ལས་ བཙོན་ཁྲིམས་ལོ་༥ བཀལ་ནུག།
དེ་བསྒང་ ཉམས་རྒུདཔ་བུམོ་དེ་ མོ་རའི་ནོ་གཅུང་དང་མཉམ་ སློབ་དཔོན་གྱི་ཁྱིམ་ནང་ ཞག་ཉལ་སྡོད་པའི་སྐབས་ སྒོ་ལྡེ་མིག་རྐྱབ་ཡོདཔ་ལས་ ནུབ་མོ་ སློབ་དཔོན་གྱིས་ སྒོ་བཅགས་དཀྲུམ་འབད་དེ་ ཉམས་རྒུདཔ་དང་གཅིག་ཁར་ ཉལ་ཡོདཔ་ལས་ ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ ཉམས་རྒུདཔ་བུམོ་དེ་ བྱོག་སོང་ནུག།
དེ་བཟུམ་སྦེ་ སློབ་དཔོན་གྱིས་ སྐྱེས་ལོ་༡༣ ལང་མི་ བུམོ་ཅིག་ལུ་ ཚུལ་མིན་དང་ འཁྲིག་སྦྱོར་བྱ་སྤྱོད་ཀྱི་ཐོག་ལས་ གསང་བའི་ཆ་ཤས་ལུ་དཀྲོགས་ཏེ་ འཁྲིག་སྤྱོད་འབད་ནིའི་རྩིས་རྐྱབ་ཡོདཔ་ལས་ བཙོན་ཁྲིམས་ལོ་༣ བཀལ་ནུག།
དེ་ཡང་ སློབ་དཔོན་གྱིས་ སྐྱེས་ལོ་༡༣ ལང་མི་བུམོ་དེ་ ཁོ་གི་ཁྱིམ་ནང་གཏང་ཟེར་ བུམོ་གི་ཨའི་ལུ་ སླབ་ཡོདཔ་བཞིན་དུ་ ཨའི་གིས་ སོང་ཟེར་སླབ་པའི་སྐབས་ བུམོ་གིས་ ཉན་མ་བཏུབ་རུང་ ཨའི་གིས་ སློབ་དཔོན་ཨིནམ་ལས་འགྱོ་དགོ་ གལ་སྲིད་ མ་འགྱོ་བ་ཅིན་ སློབ་རིམ་ནང་ལས་ མཐར་མི་འཁྱོལ་ཟེར་ ཨུ་ཚུགས་བསྐྱེད་དེ་ བཏང་ནུག།
ཉམས་རྒུདཔ་བུམོ་དེ་ ནོ་གཅུང་དང་གཅིག་ཁར་ སློབ་དཔོན་གྱི་ཁྱིམ་ནང་ སོང་ཡོདཔ་བཞིན་དུ་ ཁྱིམ་ནང་ལྷོདཔ་ད་ སློབ་དཔོན་གྱིས་ ནོ་གཅུང་གི་གདོང་ཁར་ འཁྲིག་སྤྱོད་འབད་ནིའི་ལཱ་ཚུ་ འབད་ཡི་ཟེར་ཨིན་པས།
ཉེས་འཛུགས་ཅན་གྱིས་ སྐྱེས་ལོ་༡༢ ལང་མི་བུམོ་༡ ལུ་ སྤྱི་ལོ་༢༠༡༧ ཟླ་༩ པའི་ཚེས་༢༥ ལུ་ ཁོ་གི་ཁྱིམ་ ནང་ ཉམས་རྒུདཔ་གི་ ཆ་རོགས་༢ འབོ་སྟེ་ ཐབ་ཚང་ནང་ བཞེས་སྒོ་འབད་སྡོད་པའི་རིང་ བྱིས་པ་བསུན་གཙེར་ འབད་ཡོདཔ་ལས་ བཙོན་ཁྲིམས་ལོ་༣ བཀལ་ནུག།
སློབ་དཔོན་ལུ་ བཙོན་ཁྲིམས་ལོ་༣ བཀལ་མི་དེ་ སྤྱི་ལོ་༢༠༡༧ གྱི་ཟླཝ་༣ པའི་ནང་ སྐྱེས་ལོ་༡༢ ལང་མི་ སློབ་ཕྲུག་བུམོ་༡ ལུ་ བྱིས་པ་བསུན་གཙེར་འབད་ཡོདཔ་བཞིན་དུ་ སྐྱེས་ལོ་༡༧ ལང་མི་ སློབ་ཕྲུག་བུམོ་༡ ལུ་ཡང་ འདོད་སྤྱོད་ཀྱི་ བྱ་སྤྱོད་འབད་ཡོདཔ་ལས་ བཙོན་ཁྲིམས་ལོ་༣ བཀལ་ནུག།
ཉེས་འཛུགས་ཅན་གྱིས་ སྐྱེས་ལོ་༡༣ ལང་མི་ སློབ་ཕྲུག་བུམོ་ཅིག་ལུ་ འདོད་སྤྱོད་ཀྱི་བྱ་སྤྱོད་འབད་ཡོདཔ་ལས་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ད་ དེ་ཡང་ ཁོ་ར་ནདཔ་ཨིན་ཟེར་ བུམོ་འབོ་ཞིནམ་ལས་ ཉམས་རྒུདཔ་བུམོ་དང་གཅིག་ཁར་ ཞག་ཉལ་ནིའི་ དཔའ་བཅམ་ཡོདཔ་ཨིན་པས།
སློབ་དཔོན་གྱིས་ སྤྱི་ལོ་༢༠༡༣ ལས་འགོ་བཙུགས་ སློབ་གྲྭ་ནང་ ཨིང་ལིཤ་དང་ བརྡ་དོན་འཕྲུལ་རིག་གི་ ཆོས་ཚན་སྟོན་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་འཛུགས་ཅན་གྱིས་ སྐྱེས་ལོ་༡༤ ལང་མི་ བུམོ་ཅིག་ལུ་ རྒུད་འཐུས་དངུལ་ཀྲམ་༢༢,༥༠༠ བཏབ་བཅུག་མི་དེ་ འདོད་འཁྲིག་གི་བྱ་སྤྱོད་དང་ དབང་བཙོང་ལུས་འབྲེལ་འབད་ནིའི་ དཔའ་བཅམ་མི་ལུ་བརྟེན་ ཨིནམ་བཞིན་དུ་ ཉམས་རྒུདཔ་བུམོ་གཞན་ཚུ་ལུ་ དངུལ་ཀྲམ་༡༡,༢༥༠ རེ་ རྒུད་འཐུས་སྤྲོད་དགོཔ་སྦེ་ཨིན་པས།
དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ སློབ་དཔོན་དེ་ སྤྱི་ལོ་༢༠༡༧ ཟླ་༡༡ པའི་ཚེས་༡༦ ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་འབད་བ་ཅིན་ སློབ་དཔོན་གྱི་ ལཱ་འགན་དེ་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་ནི་ དང་ མི་ཚེ་ནང་ ཉེ་བར་མཁོ་བའི་བསླབ་བྱ་དང་ ལམ་སྟོན་བཟང་པོ་ཚུ་ སྟོན་ནི་ཨིན་རུང་ ཁོ་རའི་ བསམ་པ་དང་བྱ་སྤྱོད་ཚུ་ ཚུལ་མཐུན་མེད་པར་ སློབ་དཔོན་གྱི་ ཀུན་སྤྱོད་རྣམ་གཞན་ལས་འགལ་ཏེ་ ཉེས་ལས་འཐབ་ནུག་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

མོང་སྒར་ཁྲོམ་ཁར་ སི་སི་ཊི་བི་པར་ཆས་ཚུ་ གཞི་བཙུགས་འབད་ནི།

༉ མོང་སྒར་ཁྲོམ་གྱི་ ས་ཁོངས་ལྟེ་བའི་ནང་ ཉེན་སྲུང་གི་དོན་ལུ་ སི་སི་ཊི་བི་པར་ཆས་ གཞི་བཙུགས་འབད་བའི་བསྒང་ལས་ ས་ཁོངས་དེ་ནང་ ཁྱད་རིག་ལྡན་པའི་ཁྲོམ་གྱི་བསམ་གཞི་ལུ་ གཞི་བཞག་སྟེ་བཟོ་མི་ ཁྲོམ་གྱི་མཐུན་རྐྱེན་ཚུ་ ཚང་ནི་ཨིན་པས། མོང་སྒར་ཁྲོམ་ལྟེ་བ་དེ་ མོང་སྒར་ཁྲོམ་གྱི་འོག་ལུ་ ས་གནས་ས་ཁོངས་འཆར་གཞི་༧ ཡོད་པའི་ནང་ལས་ …

Leave a Reply

Your email address will not be published. Required fields are marked *