འདས་པའི་ལོ་ཚུ་ནང་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ བསྒྱུར་བཅོས་སྦོམ་མེདཔ།

༉ སྤྱིར་བཏང་དཔལ་འབྱོར་གྱི་ཐོག་ལས་ལྟཝ་ད་ འདས་པའི་ལོ་དག་པ་ཅིག་ནང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ལུ་ བསྒྱུར་བ་སྦོམ་ཅིག་ མ་འགྱོ་བར་ཡོདཔ་ཨིན་པས།
རྒྱལ་ཡོངས་རྩིས་འཛིན་ལམ་ལུགས་དེ་ དཔལ་འབྱོར་གོང་འཕེལ་ཚད་བརྟག་དང་ དུས་ཚོད་ཅིག་ནང་ དཔལ་འབྱོར་ཡར་འཕར་གྱི་ གནས་ཚད་བརྟག་དཔྱད་འབད་ཚུགསཔ་ཨིན་པས།
གནས་སྡུད་དེ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་ཚད་དང་ གཞན་རྒྱལ་ཁབ་ཚུ་དང་ཕྱདཔ་ད་ དཔལ་འབྱོར་ག་དེ་སྦེ་ ཡར་དྲག་འགྱོ་དོ་ཡོདཔ་ཨིན་ནའི་ བརྡ་མཚོན་སྟོན་ཚུགསཔ་ཨིན་པས།
ནང་འཁོད་ཐོན་སྐྱེད།
སྤྱི་ལོ་༢༠༡༨ ལུ་ ནང་འཁོད་ཐོན་སྐྱེད་བརྒྱ་ཆ་༣.༠༣ ཐོ་བཀོད་འབད་མི་དེ་ སྤྱི་ལོ་༢༠༡༧ ལོའི་ཐོ་བཀོད་དང་ཕྱདཔ་ད་ བརྒྱ་ཆ་༡.༦༢ མར་བབས་སོང་བའི་བརྡ་མཚོན་ཨིནམ་ད་ དེ་ཡང་ གཙོ་བོ་ར་ གློག་མེ་དང་ བཟོ་སྐྲུན་ སྤྱིར་བཏང་གཞུང་དང་ནགས་ཚལ་ལས་ཁུངས་ནང་ ཤིང་བརྡབ་མི་ལས་སྡེ་ནང་ བརྒྱ་ཆ་བབས་འགྱོ་མི་ལུ་བརྟེན་ཨིན་པས།
དེ་གིས་མ་ཚད་ བཟོ་སྐྲུན་ལས་སྡེ་དང་ སྒེར་གྱི་མི་སྡེ་དང་སྤྲོ་སྟོན་ལས་ཁུངས་ནང་ གྲུབ་འབྲས་ལེགས་ཤོམ་ མ་ཐོན་མི་དེ་གིས་ཡང་ སྤྱི་ལོ་༢༠༡༨ ལུ་ དཔལ་འབྱོར་གྱི་འཕར་ཚད་དེ་ མར་བབས་སོང་ཡོདཔ་ཨིན་པས།
མཁོ་འདོད་ཀྱི་ཐད་ཁར་ལྷོདཔ་ད་ གཞུང་དང་སྒེར་སྡེ་གིས་ ཟད་འགྲོ་བཏང་མིའི་ཐད་ཁར་ བརྒྱ་ཆ་༣.༠༥ དང་༡༤.༨༩ རེ་བཏང་ཡོདཔ་ད་ ལོ་དེ་ནང་ རྩིས་ཆད་དེ་ ཧེ་མའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༡༣.༠༣ ཡར་སེང་སོང་ཡོདཔ་ཨིན་པས།
རྒྱལ་ཡོངས་འོང་འབབ་ཐད་ཁར་ སྤྱི་ལོ་༢༠༡༨ ལུ་ བརྒྱ་ཆ་༢.༦༧ ཐོ་བཀོད་འབད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༡.༨༧ མར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༡༨ ལུ་ རྒྱལ་ཡོངས་ནང་འཁོད་འོང་འབབ་ མར་བབས་སོང་མི་དེ་ཅིག་ གཞི་རྟེན་འོང་འབབ་དེ་ ཕྱི་ཁར་མང་སུ་འགྱོ་མི་ལུ་བརྟེན་ ཐོན་ཡོདཔ་ཨིན་པས།
ལོ་དེ་ནང་ གཞི་རྟེན་ནང་འཁོད་འོང་འབབ་འབྱུང་མི་དེ་ སྤྱི་ལོ་༢༠༡༧ དང་ཕྱདཔ་ད་ སྤྱི་ལོ་༢༠༡༨ ལུ་ བརྒྱ་ཆ་༢༢.༥༦ གིས་ ཡར་སེང་སོང་ཡོདཔ་ད་ ནང་འཁོད་འོང་འབབ་ཕྱི་ཁར་འགྱོ་མི་དེ་ སྤྱི་ལོ་༢༠༡༨ ལུ་ བརྒྱ་ཆ་༨.༧༢ ཐོ་བཀོད་འབད་མི་དེ་ སྤྱི་ལོ་༢༠༡༧ དང་ཕྱདཔ་ད་ བརྒྱ་ཆ་༤.༡༡ ཡར་སེང་སོང་ཡོདཔ་ཨིན་པས།
ལོ་དེ་ནང་ རྒྱལ་ཡོངས་ནང་འཁོད་འོང་འབབ་དང་ ནང་འཁོད་འོང་འབབ་ཐོན་སྐྱེད་དེ་ སྤྱི་ལོ་༢༠༡༧ ལུ་ དངུལ་ཀྲམ་༢༡༦,༩༤༡.༡༣ ཡོད་མི་དེ་ སྤྱི་ལོ་༢༠༡༨ ལུ་ དངུལ་ཀྲམ་༢༢༧,༨༤༩.༥༩ ལུ་ ཡར་སེང་སོང་ཡོད་མི་དེ་ ངོ་མ་ནང་ བརྒྱ་ཆ་༣.༡༩ གིས་ ཡར་སེང་སོང་བའི་རྟགས་ཨིན་རུང་ སྤྱི་ལོ་༢༠༡༧ ལུ་ བརྒྱ་ཆ་༣.༣༨་ཡོད་མི་དང་ཕྱདཔ་ད་ ལོ་དེ་ནང་ བརྒྱ་ཆ་༠.༡༨ ཀྱིས་ མར་བབས་འགྱོ་ཡོདཔ་ཨིན་པས།
ཅ་ནམ་གོང་ཚད་ཐད་ ལོ་དེ་ནང་ ནང་འཁོད་ཀྱི་དཔལ་འབྱོར་ནང་ བརྒྱ་ཆ་༡.༧༨ ཐོ་བཀོད་འབད་མི་དེ་ སྤྱི་ལོ་༢༠༡༧ ལུ་ བརྒྱ་ཆ་༥.༡༠ ཡོད་མི་དང་ཕྱདཔ་ད་ བརྒྱ་༣.༣༣ གྱིས་ མར་བབས་སོང་ཡོདཔ་ཨིན་པས།
སོ་ནམ།
སྤྱི་ལོ་༢༠༡༧ ལུ་ ལོ་ཐོག་གི་ཐོན་སྐྱེད་ བརྒྱ་ཆ་༦.༣༠ འབད་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༨ ལུ་ བརྒྱ་ཆ་༤.༩༤ ཐོ་བཀོད་འབད་མི་དེ་ བརྒྱ་ཆ་༡.༣༥ མར་བབས་སོང་ཡོདཔ་ཨིན་རུང་ ལས་སྡེའི་ཡར་འཕར་དེ་ སྐྱོ་དྲགས་སྦེ་ར་ སྡོད་པའི་ཤུལ་ལས་ སྤྱི་ལོ་༢༠༡༥ ལས་འགོ་བཙུགས་ ཡར་སེང་འགྱོ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཡར་སེང་དེ་ཡང་ ལོ་ཐོག་ཀེ་བ་དང་ཨེ་མ་ ཀར་དང་ནག་གི་ཐོན་སྐྱེད་ཚུ་ ཡར་སེང་སོང་ཡོདཔ་ད་ ལས་སྡེ་ནང་ སྤྱི་ལོ་༢༠༡༨ ལུ་ དངུལ་ཀྲམ་ས་ཡ་༡༤,༡༠༡.༥༠ ཐོ་བཀོད་འབད་ཡོདཔ་ཨིན་པས།
སྒོ་ནོར་ལས་ཁུངས་ནང་འབད་བ་ཅིན་ ཕ་གླང་ལེགས་ཤོམ་བཟོ་མི་དེ་གིས་ བརྒྱ་ཆ་༨.༥༩ ཡར་སེང་སོང་བའི་ ཐོ་བཀོད་འབད་ཡོདཔ་ད་ སྒོར་ནོར་གྱི་གྲས་ལས་ ཕགཔ་གི་ཡར་སེང་ བརྒྱ་ཆ་༢༩.༣༨ ཐོ་བཀོད་འབད་མི་དེ་ མཐོ་ཤོས་ཨིན་པས།
ས་གཏེར་དང་རྡོ་གཏེར་ནང་ སྤྱི་ལོ་༢༠༡༧ དང་ཕྱདཔ་ད་ བརྒྱ་ཆ་༣༠.༥༦ ཡར་སེང་སོང་ཡོདཔ་ད་ ལས་སྡེ་དེ་ལུ་ རྡོ་ཀར་དང་རྡོ་ཀ་མ་རུ་པ་གིས་ ཡར་སེང་ལུ་ ལྷན་ཐབས་མཐོ་ཤོས་འབད་ཡོདཔ་ཨིན་པས།
ཤེས་རིག་གིས་ དཔལ་འབྱོར་ལུ་ལྷན་ཐབས་འབད་མི་དེ་ སྤྱི་ལོ་༢༠༡༧ ལུ་ བརྒྱ་ཆ་༢.༩༦ འབད་མི་དེ་ ལོ་དེ་ནང་ བརྒྱ་ཆ་༠.༣༨ ཀྱིས་ ཡར་སེང་སོང་ཡོདཔ་ཨིན་པས།
ཅ་དངོས་དང་ཞབས་ཏོག་ ཕྱིར་ཚོང་ཐད་ཁར་ ཅ་དངོས་འབད་བ་ཅིན་ སྤྱི་ལོ་༢༠༡༧ ལུ་ བརྒྱ་ཆ་༦.༤༥ འབད་མི་ལས་ ལོ་དེ་ནང་ བརྒྱ་ཆ་༤.༥༨ ལུ་ མར་བབས་སོང་ཡོདཔ་ད་ ཞབས་ཏོག་དེ་ཡང་ མར་བབས་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ ཅ་དངོས་དང་ཞབས་ཏོག་གི་གནས་གོང་ དངུལ་ཀྲམ་༥༡,༥༧༠.༣༤ དེ་ཅིག་ལུ་ གནས་ཡོདཔ་ད་ ཕྱིར་ཚོང་དེ་ ནང་འཁོད་ཐོན་སྐྱེད་ལས་ བརྒྱ་ཆ་༣༠.༨༢ ཀྱི་རྩིས་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ ཞབས་ཏོག་དང་ཅ་དངོས་ནང་འདྲེན་ དངུལ་ཀྲམ་ས་ཡ་༨༤,༡༣༦.༨༡ འབད་མི་དེ་ ལོ་དེ་ནང་ དངུལ་ཀྲམ་ས་ཡ་༩༣,༥༢༡ ལུ་ ཡར་སེང་སོང་ཡོད་མི་དེ་ ནང་འཁོད་ཐོན་སྐྱེད་ བརྒྱ་ཆ་༥༥ ལྷགཔ་ཅིག་ཨིན་པས།
ནང་འདྲེན་ཐད་ཁར་ ཅ་དངོས་འབད་བ་ཅིན་ བརྒྱ་ཆ་༨༠.༢༧ དང་ ཞབས་ཏོག་བརྒྱ་ཆ་༡༩.༧༣ གྱི་རྩིས་ཨིན་པས།
གནས་སྟངས་དེ་ཚུ་ལུ་བརྟེན་ ད་ལྟོའི་གནས་གོང་ལུ་ གཞི་བཞག་པ་ཅིན་ རྒྱལ་ཁབ་ནང་ ཚོང་འབྲེལ་གྱི་རྩིས་ཆད་དེ་ སྤྱི་ལོ་༢༠༡༨ ལུ་ དངུལ་ཀྲམ་ས་ཡ་༤༡,༩༥༡ དེ་ཅིག་དང་ ནང་འཁོད་ཐོན་སྐྱེད་བརྒྱ་ཆ་༢༥.༠༧ ཨིན་པས།
ལོ་དེ་ནང་ རྩིས་ཆད་བརྒྱ་ཆ་༡༣.༠༣ ཡར་སེང་སོང་ཡོད་མི་དེ་ སྤྱི་ལོ་༢༠༡༧ ལོ་དང་ཕྱདཔ་ད་ བརྒྱ་ཆ་༢༢.༣༥ ཡར་སེང་སོང་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་སེར་རང་དབང་གི་ཉིནམ་ ཐེངས་༧༡ པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྒྱལ་པོའི་གཟིམ་དཔོན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *